ཞི་ཅིན་ཕིང་གིས་ཏོ་སྨི་ནི་ཁེའི་ཙུང་ཐུང་ལ་གློག་འཕྲིན་བཏང་ནས་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ཏེ་ལོ20འཁོར་བར་རྟེན་འབྲེལ་ཞུས།
2024.03.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

ཟླ3པའི་ཚེས23ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཏོ་སྨི་ནི་ཁེའི་ཙུང་ཐུང་པོ་ཏུན་གྱིས་ཕན་ཚུན་བར་གློག་འཕྲིན་བཏང་ནས། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ20འཁོར་བར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་ཏོ་སྨི་ནི་ཁེ་ནི་ཅ་ལེ་པིའི་ས་ཁུལ་དུ་ཡོད་པའི་ཀྲུང་གོའི་མཉམ་ལས་ཟླ་གྲོགས་གལ་ཆེན་ཞིག་ཡིན། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ20འཁོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀའི་འབྲེལ་བས་ཆུ་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཡོད་ཅིང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་མངོན་སུམ་གྱིས་ཇེ་ཆེར་སོང་ཡོད་ལ། དངོས་སྒྲུབ་མཉམ་ལས་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད་པར་མ་ཟད། མི་དམངས་བར་གྱི་མཛའ་བརྩེའང་ཉིན་བཞིན་ཇེ་དམ་དུ་སོང་ཡོད། ངས་ཀྲུང་གོ་དང་ཏོ་སྨི་ནི་ཁེའི་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་གང་ལེགས་བྱས་ནས། ཙུང་ཐུང་པོ་ཏུན་དང་མཉམ་དུ། རྒྱལ་ཁབ་གཉིས་ཀའི་བར་འབྲེལ་བ་བཙུགས་ནས་ལོ20འཁོར་བ་དེ་འགོ་རྩོམ་ས་གསར་པ་ཞིག་ཏུ་བརྩིས་ཏེ། ཕྱོགས་གཉིས་ཀའི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཟབ་སྤེལ་བྱས་ནས། སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་ཏེ། ཀྲུང་གོ་དང་ཏོ་སྨི་ནི་ཁའི་འབྲེལ་བའི་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་བསྐྲུན་འདོད་ཡོད་ཅེས་གསུངས།

པོ་ཏུན་གྱིས་རྒྱལ་ཁབ་གཉིས་ཀའི་འབྲེལ་བར་ཤུགས་སྣོན་ཐེབས་ནས་དེ་བསྟུན་གྱི་གྲུབ་འབྲས་ཆེན་པོ་ཐོབ་ཡོད། ཏོ་སྨི་ནི་ཁེ་ཕྱོགས་ཀྱིས་ཕྱོགས་མང་པོའི་ཐད་ནས་ཀྲུང་གོའི་བར་གྱི་མཛའ་མཐུན་ལ་མཐོང་ཆེན་བྱས་ཏེ། ཀྲུང་གོ་ཕྱོགས་ཀྱིས་ཏོ་སྨི་ནི་ཁེ་ཕྱོགས་ལ་རྒྱབ་སྐྱོར་དང་རོགས་རམ་གང་ལེགས་གནང་བར་ཐུགས་རྗེ་ཆེ་ཞུས་པར་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ། གཉིས་ཕན་མཉམ་ལས་རྒྱུན་ཆད་མེད་པར་ཟབ་སྤེལ་བྱས་ཏེ། འཛམ་གླིང་ཧྲིལ་པོའི་འགྲན་སློང་ལ་མཉམ་དུ་ཁ་གཏད་འཇལ་འདོད་ཡོད་ཅེས་བསྟན།

ཉིན་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་དང་ཏོ་སྨི་ནི་ཁེའི་ཙུང་ལི་སི་ཁའེ་ལིས་ཐི་ཡིས་ཕན་ཚུན་བར་གློག་འཕྲིན་བཏང་ནས་རྟེན་འབྲེལ་ཞུས། ལིས་ཆང་གིས་ཀྲུང་གོ་ཕྱོགས་ཀྱིས་ཏོ་སྨི་ནི་ཁེ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་བར་འབྲེལ་བ་བཙུགས་ནས་ལོ20འཁོར་བར་རྟེན་འབྲེལ་ཞུ་རྒྱུ་གོ་སྐབས་སུ་བརྩིས་ཏེ། རྒྱལ་ཁབ་གཉིས་ཀའི་ཁྱབ་ཁོངས་སོ་སོའི་དངོས་སྒྲུབ་མཉམ་ལས་རྒྱུན་ཆད་མེད་པར་ཟབ་སྤེལ་ཡོང་བར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་སྔར་ལས་གང་མང་བསྐྲུན་འདོད་ཡོད་ཅེས་གསུངས།

སི་ཁའེ་ལིས་ཐི་ཡིས་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ20འཁོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀས་ཕན་ཚུན་བར་བརྩི་འཇོག་དང་རྒྱུས་ལོན་བྱེད་ཀྱིན་ཡོད། ཀྲུང་གོས་ཏོ་སྨི་ནི་ཁེ་ཕྱོགས་ལ་རྒྱབ་སྐྱོར་དང་མཉམ་ལས་གང་མང་བྱས་པའི་དབང་གིས། ཏོ་སྨི་ནི་ཁེ་ཡི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་བྱས་རྗེས་གང་འཚམ་བཞག་ཡོད། མ་འོངས་པར་རྒྱལ་ཁབ་གཉིས་ཀའི་འབྲེལ་བ་སྔར་ལས་ཇེ་རྒྱས་ཇེ་བརྟན་དུ་འགྲོ་ངེས་པར་ང་ལ་ཡིད་ཆེས་ཡོད་ཅེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།