ལིས་ཞི་ཡིས་ཀྲེ་ཅང་དུ་རྟོག་ཞིབ་གནང་།
2024.03.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིས་ཞི་ཡིས་ཚེས18ཉིན་ནས་ཚེས21ཉིན་བར་ཀྲེ་ཅང་དུ་རྟོག་ཞིབ་གནང་།  ཁོང་གིས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ། “གཏན་ཕབ་གཉིས”ལ་གོང་བཀུར་མཐའ་གཅིག་ཏུ་ཞུ་བ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་པ། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བྱ་བའི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་པ། ནུས་ཤུགས་ཡོད་རྒུས་རུལ་སུངས་ཐོན་སའི་ཆ་རྐྱེན་ཅི་རིགས་མེད་པར་བཟོས་ཏེ། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནན་མོ་བཏང་ནས། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་བསྐྲུན་ཆེད། སྲ་ཞིང་བརྟན་པའི་འགན་ལེན་མཁོ་འདོན་བྱེད་དགོས་ཞེས་གསུངས།

ལིས་ཞི་ཡིས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་པར་ཆེས་འགག་རྩ་ལྟ་བུ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པར་སློབ་སྦྱོང་དང་གོ་བ་མཐིལ་ཕྱིན་ལེན་རྒྱུ་དེ་ཡིན། དགོངས་པ་གལ་ཆེན་དེ་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བའི་བརྒྱུད་རིམ་ཧྲིལ་པོར་ལག་བསྟར་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཆབ་སྲིད་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་པ་དང་། སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བ་དང་སྒྲིག་ཁྲིམས་ཇེ་དམ་དུ་བཏང་ནས། རུལ་སུངས་ལ་ངོ་རྒོལ་བྱེད་རྒྱུ་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས། དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས། རུལ་སུངས་སྐྱེ་འཕེལ་གྱི་ས་རྒྱུ་དང་ཆ་རྐྱེན་ལ་ཞིབ་འཇུག་དང་དབྱེ་ཞིབ་གནད་ཁེལ་བྱས་ཏེ། རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཅིག་གྱུར་སྒོས་སྐུལ་འདེད་བཏང་ནས། རུལ་སུངས་བཅོས་སྒྲིག་གི་ཕན་ནུས་ཟམ་མི་ཆད་པར་ཇེ་ཆེར་གཏོང་དགོས། བརྗོད་དོན་སློབ་གསོ་དང་སློབ་གསོ་དག་ཐེར་གྱི་གྲུབ་འབྲས་སྔར་ལས་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས། བློ་དཀར་སེམས་དཀར་དང་སྤྱོད་གཙང་བབ་གཙང་། འགན་འཁུར་ཕོད་པ། འཐབ་རྩོད་བྱེད་མཁས་པའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཀྱི་ཧྲག་དམག་འཛུགས་སྐྱོང་བྱེད་དགོས་ཞེས་གསུངས།

བན་དེ་སྐྱབས་ཀྱིས་བསྒྱུར།