ཝུའུ་ཞའོ་ཅུན་གྱིས་འཕྲོད་བསྟེན་བདེ་ཐང་ཁྱབ་ཁོངས་ཀྱི་ལས་གཞི་གཙོ་བོར་རྟོག་ཞིབ་བྱས།
2024.03.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 28

ཟླ3པའི་ཚེས23ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་འཕྲོད་བསྟེན་བདེ་ཐང་ཁྱབ་ཁོངས་ཀྱི་ལས་གཞི་གཙོ་བོར་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲོད་བསྟེན་བདེ་ཐང་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། སྤུས་ཚད་མཐོན་པོ་དང་ཕན་ནུས་མཐོན་པོས་འཛུགས་སྐྲུན་འཁོར་རྒྱུག་བྱེད་པར་སྐུལ་འདེད་གཏོང་བ། སྟོབས་ཤུགས་གཅིག་ཏུ་བསྡུས་ནས་སྤུས་ལེགས་བཟོ་སྐྲུན་དང་དམངས་སེམས་བཟོ་སྐྲུན་གསར་སྐྲུན་བྱས་ཏེ། རིགས་སོ་སོའི་མང་ཚོགས་ཀྱིས་སྨན་བཅོས་ཞབས་ཞུའི་ཐད་ཀྱི་ཐོབ་ཚོར་ཕྱོགས་ཡོངས་ནས་མཐོར་འདེགས་སུ་གཏོང་དགོས།

མཐོ་སྒང་གསོ་རིག་ཞིབ་འཇུག་ལྟེ་གནས་ཀྱི་ལས་གཞི་འཛུགས་སྐྲུན་ཡུལ་དངོས་སུ། ཝུའུ་ཞའོ་ཅུན་གྱིས་ལྟེ་གནས་ཀྱི་འཆར་གཞི་དང་རྩོལ་ནུས་གྲུབ་ཚུལ། རྗེས་མཐུད་དོ་དམ་འཁོར་རྒྱུག་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། ཁོས་བསྟན་དོན། ཚན་རིག་དང་མཐུན་པའི་སྒོ་ནས་མཐོ་སྒང་གི་གསོ་རིག་ཞིབ་འཇུག་ལྟེ་གནས་ཀྱི་རྩོལ་ནུས་གྲུབ་ཚུལ་ལ་འཆར་འགོད་བྱེད་པ་དང་། ཞིང་ཆེན་ཕྱི་ནང་གི་རོགས་སྐྱོར་སྟོབས་ཤུགས་བཀོལ་སྤྱོད་བཟང་བོ་བྱེད་པ། སྤུས་ལེགས་སྨན་བཅོས་ཐོན་ཁུངས་ནང་འདྲེན་བྱེད་པའི་བྱ་བར་རྒྱུན་མཐུད་ངང་ཤུགས་བསྣན་ནས། སྟོབས་ཤུགས་ཡོད་རྒུས་རིག་ཚན་གྱི་ནང་དོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། རྩོལ་ནུས་མཐོར་འདེགས་སུ་གཏོང་དགོས། ལས་གཞི་འཛུགས་སྐྲུན་དམ་འཛིན་བྱེད་པ་དང་། བཟོ་སྐྲུན་གྱི་སྤུས་ཚད་དང་བདེ་འཇགས་འཛུགས་སྐྲུན་ལ་ཁག་ཐེག་བྱེད་པའི་སྔོན་འགྲོའི་འོག ལས་གཞི་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། སྒྲིག་ཆས་ཆ་སྡེབས་བྱེད་པ་དམ་འཛིན་བྱས་ནས། སྐབས་དང་པོ་དང་སྐབས་གཉིས་པའི་འཛུགས་སྐྲུན་གོ་རིམ་ལྡན་པའི་ངང་སྦྲེལ་མཐུད་བྱེད་པར་ཁག་ཐེག་བྱེད་དགོས། ཤེས་ལྡན་མི་སྣ་སྐྱེད་སྲིང་དང་ལག་རྩལ་སྐྱེད་སྲིང་སོགས་སྔོན་དུས་ཀྱི་བྱ་བར་མྱུར་དུ་ཇུས་འགོད་བྱེད་པ་དང་། ཤེས་ལྡན་མི་སྣ་ཉར་གསོག་བཟང་བོ་བྱེད་པ། རྒྱུན་སྤྱོད་རང་བཞིན་གྱི་ལག་རྩལ་གསར་གཏོད་ལ་ཤུགས་སྣོན་པ། མཐོ་སྒང་གི་གསོ་རིག་ཞིབ་འཇུག་གྲུབ་འབྲས་བསྒྱུར་བར་སྐུལ་འདེད་བཏང་སྟེ། འཛམ་གླིང་གི་མཐོ་སྒང་གསོ་རིག་འཕེལ་རྒྱས་སུ་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས།

རྒྱལ་ཁབ་ཁུལ་ཁོངས་སྨན་བཅོས་ལྟེ་གནས་དང་རྒྱལ་ཁབ་བྲེལ་མྱུར་སྲོག་སྐྱོབ་རྟེན་གཞིའི་ལས་གཞི་འཛུགས་སྐྲུན་ཡུལ་དངོས་སུ། ཝུའུ་ཞའོ་ཅུན་གྱིས་ལས་གཞི་འཛུགས་སྐྲུན་བྱེད་ཚད་དང་མ་དངུལ་འགན་སྲུང་སོགས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། ཚན་རིག་དང་མཐུན་པ་དང་གནད་ལ་འཁེལ་བའི་སྒོ་ནས་བཀོད་གཏོང་བྱེད་པ་དང་། འཛུགས་སྐྲུན་ལ་རྩ་འཛུགས་ཞིབ་མོ་བྱེད་པ། དུས་ཚོད་དང་དུས་རིམ་ལྟར། བཟོ་སྐྲུན་དུས་ཚོད་བཀོད་སྒྲིག་བྱེད་པ་དང་འཛུགས་སྐྲུན་བཟང་བོ་བྱེད་པ། སྟོབས་ཤུགས་ཡོད་རྒུས་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། ལས་གཞི་སྔ་མོ་ནས་ཡོངས་འགྲུབ་བྱེད་པ་དང་སྔ་མོ་ནས་བཀོལ་སྤྱོད་བྱེད་པ། སྔ་མོ་ནས་ཕན་འདོགས་པར་ཁག་ཐེག་བྱེད་དགོས། མི་དམངས་མང་ཚོགས་ཀྱི་ཉིན་རེ་བཞིན་འཕར་སྣོན་འབྱུང་བཞིན་པའི་བདེ་ཐང་སྲུང་སྐྱོང་དང་སྨན་བཅོས་ཀྱི་དགོས་མཁོ་སྐོང་བར་དམིགས་ནས། མི་སྣའི་སྒྲིག་ལུགས་དང་ཚན་ཁག་བཀོད་སྒྲིག ཚན་རིག་ཞིབ་འཇུག་གསར་གཏོད་སོགས་བྱ་བ་སྣ་ཚོགས་ལ་གཅིག་འདོམས་བྱེད་པ་དང་། སྤུས་ལེགས་སྨན་བཅོས་ཞབས་ཞུའི་ཐོན་ཁུངས་མཁོ་འདོན་ཇེ་མང་དུ་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་སྨན་བཅོས་ཞབས་ཞུའི་འགན་སྲུང་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་སུ་གཏོང་དགོས།

རྟོག་ཞིབ་བྱེད་སྐབས་ཝུའུ་ཞའོ་ཅུན་གྱིས་ལས་གཞི་འཛུགས་སྐྲུན་གྱི་དུས་སྐབས་བཟང་བོ་དམ་འཛིན་བྱེད་པ་དང་། ཕྱོགས་སོ་སོའི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། བྱ་བ་སྤེལ་ཤུགས་ཇེ་ཆེར་གཏོང་བ། བཟོ་སྐྲུན་མྱུར་དུ་འཛུགས་སྐྲུན་བྱེད་པ། ལས་གཞི་དོ་དམ་ལ་ཤུགས་བསྣན་ནས། འཛུགས་སྐྲུན་གྱི་སྤུས་ཚད་ལ་ཁག་ཐེག་བྱེད་དགོས། སྨན་བཅོས་དང་སློབ་གསོ། ཞིབ་འཇུག་བཅས་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་གཏོང་བ་འབུར་དུ་ཐོན་པར་བྱེད་པ་དང་། སློབ་ཚན་འཛུགས་སྐྲུན་དང་རྒྱུན་མཐུད་ངང་གསར་གཏོད་བྱེད་པ་སྒུལ་ཤུགས་དང་སྣེ་ཁྲིད་དུ་བརྩིས་ནས། སྨན་བཅོས་འགན་སྲུང་གི་ཆུ་ཚད་རྒྱུན་མ་ཆད་པར་མཐོར་འདེགས་སུ་གཏོང་དགོས། ཁ་གཏད་རོགས་སྐྱོར་གྱི་མཉམ་ལས་སྟེགས་བུ་ལ་རྒྱབ་བརྟེན་པ་དང་། པུའུ་དང་ཞིང་ཆེན་གྱིས་མཉམ་འཛུགས་བྱེད་པའི་རྐྱེན་སྲོལ་འདོན་སྤེལ་གང་ལེགས་བྱེད་པ། ཤེས་ལྡན་མི་སྣ་སྐྱེད་སྲིང་དང་ལས་སྒོའི་མཛུབ་ཁྲིད། ཚན་རིག་ཞིབ་འཇུག་གསར་གཏོད་སོགས་ཕྱོགས་ནས་མཉམ་ལས་མཉམ་འཛུགས་ལ་ཤུགས་བསྣན་ནས། ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན།

ཧི་ལུའུ་ཁྲུན་གྱིས་མཉམ་དུ་རྟོག་ཞིབ་བྱས།

རིན་ཆེན་མཚོས་བསྒྱུར།