ཟླ3པའི་ཚེས22ཉིན། མཚོ་སྔོན་ཞིང་ཆེན་གྱི་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཕྱོགས་ཡོངས་ལག་བསྟར་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་དང་ཐིན་རིམ་པའི་སྡེ་ཁག་གི་མཉམ་འབྲེལ་གྲོས་ཚོགས་ཟི་ལིང་དུ་བསྡུས། གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆུ་བཅོས་སྐྱོང་བྱེད་པའི་སྐོར་གྱི་རྣམ་བཤད་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པ་གཙིགས་སུ་འཛིན་པ། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ལ་ཤུགས་སྣོན་པ་བྱེད་ཐབས་སུ་བྱེད་པ། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་སོགས་ཐད་ཀྱི་གནད་དོན་དག་ཐེར་ལེགས་བཅོས་བྱེད་པར་གཅིག་འདོམས་བྱས་ནས། བདེ་འཇགས་ཀྱི་ཆུ་མཚོ་དང་ཚེ་སྲོག་གི་ཆུ་མཚོ། བདེ་སྐྱིད་ཀྱི་ཆུ་མཚོ་ཧུར་ཐག་གིས་འཛུགས་སྐྲུན་བྱེད་དགོས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཁྲིན་ཀང་གིས་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཧྲིན་ཀྲང་། འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝུའུ་ཞའོ་ཅུན་གྱིས་དུས་རིམ་རྗེས་མའི་བྱ་བ་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ལིའུ་ཆི་ཧྥན་གྱིས2023ལོའི་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་བྱ་བའི་དཔྱད་ཞིབ་མཇུག་འབྲས་ཁྱབ་བསྒྲགས་བྱས།
གྲོས་ཚོགས་སྟེང་བསྟན་དོན། འདས་པའི་ལོ་གཅིག་གི་རིང་ལ། ས་ཆ་སོ་སོའི་འབྲེལ་ཡོད་སྡེ་ཁག་སོ་སོ་དང་རིམ་པ་སོ་སོའི་ཆུ་དཔོན་དང་མཚོ་དཔོན་གྱིས་ཆུ་མཚོའི་དོ་སྲུང་ལ་ཤུགས་བསྣན་པ་དང་། འགན་འཁྲི་མ་ལག་སྔར་ལས་ཇེ་ཟབ་ཏུ་བཏང་བ་དང་ཆུ་མཚོའི་ལྟ་སྐུལ་དང་དོ་དམ་སྔར་ལས་ཇེ་དྲག་ཏུ་བཏང་ལ། གནོད་འཚེ་འགོག་སྲུང་ཐད་ནས་སྔར་ལས་ཤུགས་ལྡན་པ་དང་། ཆུ་མཚོའི་སྤུས་ཀ་སྔར་ལས་བརྟན་འཇགས་ཡིན་ལ། བྱ་བ་སྣ་ཚོགས་ཐད་ནས་གྲུབ་འབྲས་གསར་བ་བླངས་ན་ཡང་། དེའི་ཐད་གནས་པའི་གནད་དོན་དང་མི་འདང་སར་ངོས་འཛིན་གསལ་བོ་བྱེད་དགོས་ལ། སྟོབས་ཤུགས་ཆེན་པོ་བཏང་ནས་ཞིབ་འཇུག་དང་ཐག་གཅོད་བྱེད་དགོས།
གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ཆུ་མཚོའི་དོ་དམ་ནི་སྐྱེ་ཁམས་སྲུང་སྐྱོབ་ཁྱབ་ཁོངས་ཀྱི་བྱ་བ་གཙོ་བོ་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་སེམས་ལ་དམ་པོར་འཛིན་པ་དང་། ཆབ་སྲིད་གྲུབ་འབྲས་ཀྱི་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱས་ནས། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་ཧྭའི་ཆུ་མཛོད་ཀྱི་སྲུང་སྐྱོབ་པ་བྱེད་དགོས། ལྟ་སྐུལ་དོ་དམ་སྔར་ལས་ནན་མོ་བྱེད་པ་དང་བཀོལ་སྤྱོད་བྱེད་སྐབས་སྔར་ལས་གྲོན་ཆུང་བྱེད་པ། སྒྲིག་ཆས་སྔར་ལས་ལེགས་སྒྱུར་བྱེད་པ་འབུར་དུ་ཐོན་པར་བྱས་ཏེ། ཆུའི་ཐོན་ཁུངས་ལ་རྒྱུན་མཐུད་ངང་དོ་དམ་བཟང་བོ་བྱེད་དགོས། བཞུར་རྒྱུད་ལ་སྲུང་སྐྱོབ་ཉམས་གསོ་བཟང་བོ་བྱེད་པ་དང་ཆུ་གློག་ས་ཚུགས་ཆུང་བར་གཙང་སེལ་དག་ཐེར་བྱེད་པ། ས་ཆུ་ཤོར་བར་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ། ཆུ་མཚོའི་མཛོད་ཀྱི་རྙོག་འཛིང་བཞི་སེལ་བ། བདེ་སྐྱིད་ཆུ་མཚོ་འཛུགས་སྐྲུན་བྱེད་པར་གཙིགས་འཛིན་བྱས་ནས། ཆུའི་སྐྱེ་ཁམས་ལ་རྒྱུན་མཐུད་ངང་སྲུང་སྐྱོབ་བྱེད་དགོས། ལས་གཞི་བརྩོན་ལེན་དང་ཕྱོགས་བསྡུས་བཅོས་སྐྱོང་། ཞིང་སྡེའི་ཁོར་ཡུག་བཅོས་སྐྱོང་གཏིང་ཟབ་ཏུ་སྤེལ་ནས། ཆུའི་ཁོར་ཡུག་རྒྱུན་མཐུད་ངང་དམ་འཛིན་བྱེད་དགོས། ཆུ་འདོན་བདེ་འཇགས་ཀྱི་དམར་མཚམས་དང་ཞོད་འགོག་བདེ་འཇགས་ཀྱི་ཚད་མཐའ། ལྟ་ཞིབ་ཉེན་བརྡའི་འགོག་ཐིག་ཇེ་བརྟན་དུ་བཏང་སྟེ། ཆུའི་བདེ་འཇགས་ལ་རྒྱུན་མཐུད་ངང་སྲུང་སྐྱོབ་བྱེད་དགོས། སྐོར་ཞིབ་དོ་སྲུང་གི་རྐྱེན་སྲོལ་དང་མཉམ་འགོག་མཉམ་སྡོམ་གྱི་རྐྱེན་སྲོལ། གནད་དོན་དག་ཐེར་བཅོས་སྐྱོང་གི་རྐྱེན་སྲོལ། སྣ་མང་ཆུ་སྐྱོང་གི་རྐྱེན་སྲོལ། ལྟ་སྐུལ་ཞིབ་དཔྱད་ཀྱི་རྐྱེན་སྲོལ་བཅས་བཀོལ་སྤྱོད་བཟང་བོ་བྱེད་པ་དང་། ཆུའི་འགན་འཁྲི་རྒྱུན་མཐུད་ངང་ཕྲག་ཏུ་བླངས་ནས། སྤུས་ལེགས་ཆུ་མཚོའི་སྐྱེ་ཁམས་ཁོར་ཡུག་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་དགོས།
གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པའི་ཐད་ནས་འགུལ་སྐྱོད་དང་ལག་བསྟར་གཙོར་འཛིན་དགོས། གནོན་ཤུགས་རིམ་པ་བཞིན་བརྒྱུད་སྤྲོད་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཁག་ཁུར་དང་འབད་འཐབ་མི་བྱེད་པའི་སྤྱོད་ཚུལ་ཐད་ནས་རྒྱུན་རྣམ་ཅན་དུ་འགན་འཁྲི་རྩད་གཅོད་བྱེད་པ། མི་བཀོལ་ཁྲིད་ཕྱོགས་མངོན་གསལ་འཛུགས་པ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་གནད་དོན་ལ་ཐད་ཀར་གདོང་གཏོད་པ་དང་ཁག་ཁུར་འབད་འཐབ་བྱེད་པར་སྐུལ་སློང་བྱས་ནས། ཞིང་ཆེན་གོང་འོག་ཡོངས་སུ་ལས་བྱེད་པས་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པའི་སྣང་ཚུལ་བཟང་བོ་གྲུབ་པར་བྱེད་པར་བྱེད་དགོས། འགལ་རྩོད་གཙོ་བོས་བྱ་བ་མཐོར་འདེགས་གཏོང་བར་སྣེ་ཁྲིད་བྱེད་པ་དམ་འཛིན་བྱེད་པ་དང་། ཆུའི་སྐྱེ་ཁམས་སྲུང་སྐྱོབ་ཉམས་གསོ་བྱེད་རྒྱུ་དེ་གོ་གནས་སྔར་ལས་གལ་ཆེན་དུ་འཇོག་པ། ཙོང་ཆུའི་བཞུར་རྒྱུད་ཀྱི་ཆུ་སྤུས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པར་གཅིག་འདོམས་བྱས་ཏེ། སྤུས་ཚད་མཐོན་པོས་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཆ་སྟེ་མཚོ་སྔོན་པོའི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་དགོས། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཀྱི་གཅིག་འདོམས་མཐུན་སྦྱོར་ནུས་པ་འདོན་སྤེལ་བྱེད་པ་དང་། མཉམ་འབྲེལ་གྲོས་ཚོགས་ཀྱི་རྐྱེན་སྲོལ་བཀོལ་སྤྱོད་བཟང་བོ་བྱེད་པ། དུས་ཐོག་ཏུ་གནད་དོན་འཚོལ་བ་མ་ཟད་ཐག་གཅོད་པ། སྡེ་ཁག་བརྒལ་བ་དང་ཁུལ་ཁོངས་བརྒལ་བའི་སྤྱིའི་རང་བཞིན་གྱི་གནད་དོན་ཐག་གཅོད་པ། དཔྱད་ཞིབ་ཀྱི་བཀོད་འདོམས་དབྱུག་པའི་ནུས་པ་འདོན་སྤེལ་སྔར་ལས་བཟང་བོ་བྱས་ནས། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་བྱ་བའི་སྤུས་ཚད་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་བར་སྐུལ་འདེད་གཏོང་དགོས།
མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་ཝང་ཝེ་ཏུང་དང་ཚེ་རིང་ཐར། ཀྲུའུ་ཞང་ཧྥིན། ལིའུ་ཐོ་བཅས་གྲོས་ཚོགས་ལ་ཞུགས། གྲོས་ཚོགས་སྟེང་ཞིང་ཆེན་ཡོངས་ཀྱི་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་དང་ཆུ་མཚོ་དོ་དམ་བྱ་བའི་སྙན་ཞུ་ལ་ཉན། ཟི་ལིང་དང་མཚོ་བྱང་། ཡུས་ཧྲུའུ། རྨ་ལྷོ་སོགས་གྲོང་ཁྱེར་དང་ཁུལ་གྱི་འགན་ཁུར་བློ་མཐུན་གྱིས་བྱ་བ་ཡར་ཞུ་བྱས། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་དང་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན། ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིན་བཅས་ཀྱི་འགན་ཁུར་བློ་མཐུན་གཙོ་བོས་བརྗེ་རེས་གཏམ་བཤད་བྱས། འབྲེལ་ཡོད་གྲོང་ཁྱེར་དང་ཁུལ་གྱི་ལས་ཁུངས་ཀྱིས་ཡིག་ཐོག་ཡར་ཞུ་དང་བརྗེ་རེས་བྱས།
རིན་ཆེན་མཚོས་བསྒྱུར།