ཚེས24ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་པེ་ཅིང་དུ་ཀྲུང་གོའི་འཕེལ་རྒྱས་མཐོ་རིམ་གླེང་སྟེགས་ཀྱི2024ལོའི་ལོ་ཚོགས་འགོ་རྩོམ་པའི་མཛད་སྒོར་ཞུགས་ཏེ་གཙོ་དོན་གསུང་བཤད་གནང་།
ལིས་ཆང་གིས་བསྟན་དོན། འདས་པའི་ལོ་གཅིག་གི་ནང་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག ང་ཚོས་ལོ་ཧྲིལ་བོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་གཙོ་བོ་བདེ་བླག་ངང་ཡོངས་འགྲུབ་བྱས་པ་དང་། དཔལ་འབྱོར་བཟང་ཕྱོགས་སུ་འཕེལ་བའི་རྣམ་པ་ལེགས་པོ་རྒྱུན་ཆད་མེད་པར་སྲ་བརྟན་དང་ཤུགས་དྲག་ཏུ་བཏང་ཞིང་། ཐོན་ལས་གསར་བ་དང་རྣམ་པ་གསར་བ། སྒུལ་ནུས་གསར་བ་མྱུར་དུ་འཚར་ལོངས་དང་རྒྱ་སྐྱེད་བཏང་བས། ཀྲུང་གོའི་དཔལ་འབྱོར་ཡུན་རིང་བཟང་ཕྱོགས་སུ་འཕེལ་བའི་གཞི་རྩར་འགྱུར་བ་བྱུང་མེད།ང་ཚོ་ཐོག་མཐའ་བར་གསུམ་དུ་ཁེ་ལས་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་གི་མཉམ་སྐྱོད་པ་དང་ཟླ་གྲོགས་བཟང་པོ་བྱེད་པར་ཤུགས་འདོན་པ་དང་། སྲིད་གཞུང་དང་ཁེ་ལས་ཀྱིས་ཕན་ཚུན་ཡིད་རྟོན་དང་། ཕྱོགས་གཉིས་མཉམ་སྐྱོད་བྱེད་པར་ཡིད་ཆེས་བྱས་ན། ལག་རྡང་མཉམ་སྦྲེལ་དང་འཕེལ་རྒྱས་མཉམ་རྒྱལ་ཡོང་བའི་མཉམ་ཤུགས་ཆེན་པོ་གཅིག་སྡུད་བྱེད་ཐུབ་པར་ཐེ་ཚོམ་མེད་ཅེས་བསྟན།
ལིས་ཆང་གིས་ད་སྐབས་རྒྱལ་སྤྱིའི་ཁོར་ཡུག་ལ་འགྱུར་ལྡོག་གཏིང་ཟབ་འབྱུང་བཞིན་ཡོད་པ་དང་། འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ཛ་དྲག་གི་འགྲན་རྩོད་སྣ་མང་ལ་འཕྲད་ཡོད། ཀྲུང་གོས་དངོས་གཉེར་ཕན་ཡོད་ཀྱི་བྱ་སྤྱོད་ལ་བརྟེན་ནས་སྤྱི་ཁོག་སྲིད་ཇུས་སྙོམ་སྒྲིག་བྱེད་ནུས་ཇེ་ཆེར་གཏོང་རྒྱུ་ཡིན་ལ། རྒྱལ་ནང་གི་དགོས་མཁོ་རྒྱ་བསྐྱེད་པར་འབད་པ་བྱས་ཏེ་དེང་རབས་ཅན་གྱི་ཐོན་ལས་མ་ལག་མྱུར་དུ་འཛུགས་པ་དང་། ལྷད་མེད་ཚུལ་སྒྱུར་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ། རྩ་ལག་མཉམ་བཅོས་དང་བརྟན་བརླིང་སྒོས་རིགས་སོ་སོའི་ཉེན་ཁ་འགོག་སེལ་བྱ་བ་ཡག་པོར་བསྒྲུབ་རྒྱུ་མ་ཟད། སྔར་ལས་ནུས་ཡོད་ཕན་ལྡན་སྒོས་ཀྲུང་གོའི་དཔལ་འབྱོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། འཛམ་གླིང་དཔལ་འབྱོར་སླར་གསོ་དང་བརྟན་འཇགས་ངང་འཕེལ་རྒྱས་འགྲོ་བར་ཐག་གཅོད་རང་བཞིན་དང་དྲང་ནུས་ཀྱི་སྟོབས་ཤུགས་མང་པོ་འབུལ་རྒྱུ་ཡིན་ཞེས་བསྟན།
ལིས་ཆང་གིས་ད་ལྟའི་ཀྲུང་གོའི་དཔལ་འབྱོར་དེ་འཛམ་གླིང་གི་དཔལ་འབྱོར་དང་མཉམ་འདྲེས་གཏིང་ཟབ་བྱས་ཡོད། ང་ཚོས་རྒྱུན་ཆད་མེད་པར་ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་གྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་བསྐྲུན་ཏེ། རྒྱུན་མཐུད་ངང་ཆུ་ཚད་སྔར་ལས་མཐོ་བའི་སྒོ་འབྱེད་རྣམ་པས་འཛམ་གླིང་ཡོངས་དང་སྦྲེལ་མཐུད་བྱེད་དགོས། སྔར་ལས་སྒོ་འབྱེད་ཀྱི་ཀྲུང་གོ་ཞིག་གིས་འཛམ་གླིང་ལ་སྔར་ལས་མང་བའི་མཉམ་ལས་གཉིས་རྒྱལ་གྱི་གོ་སྐབས་བསྐྲུན་ཐུབ་པས། ང་ཚོས་འཛམ་གླིང་ལ་ཀྲུང་གོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གོ་སྐབས་ཆེན་མོ་མཉམ་སྤྱོད་བྱེད་པར་མ་ཟད། ཕྱོགས་སོ་སོ་དང་ལག་རྡང་མཉམ་སྦྲེལ་གྱིས་ཐུན་མོང་འཕེལ་རྒྱས་ཀྱི་མཛེས་སྡུག་གི་མ་འོངས་པ་བསྐྲུན་ངེས་ཡིན་ཞེས་བསྟན།
ཝུའུ་ཀྲིན་ལུང་འགོ་རྩོམ་མཛད་སྒོར་ཞུགས།
ཐེངས་འདིའི་ལོ་ཚོགས་རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱིས་གཙོ་སྒྲུབ་བྱས་ཤིང་། འཛམ་གླིང་དངུལ་ཁང་གི་འགོ་གཙོ་ཕིན་ཨན་ཅེ་དང་། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་སྤྱི་འདོམས་ཀི་ཨོ་ཨར་ཅི་ཡེ་ཝ། རྒྱལ་ཁབ་ཕྱི་ནང་གི་ཆེད་ལས་མཁས་པ་དང་ཁེ་ལས་པ། སྲིད་གཞུང་གི་དཔོན་རིགས་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི་སོགས་མི་བཞི་བརྒྱ་ཙམ་འགོ་རྩོམ་མཛད་སྒོར་ཞུགས།
རིག་འཛིན་སྒྲོལ་མས་བསྒྱུར།