ཝང་ཧུའུ་ཉིང་གིས་ནེ་པ་ལའི་ཙུང་ལི་གཞོན་པའི་ཞོར་དུ་ཕྱི་འབྲེལ་པུའུ་ཀྲང་གི་འགན་ཁུར་མཁན་ཧྲི་ལེ་སི་ཐཱ་ལ་མཇལ་འཕྲད་གནང་།
2024.03.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 8

ཟླ3པའི་ཚེས25ཉིན།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན།   རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་པེ་ཅིང་དུ་ནེ་པ་ལའི་ཙུང་ལི་གཞོན་པའི་ཞོར་དུ་ཕྱི་འབྲེལ་པུའུ་ཀྲང་གི་འགན་ཁུར་མཁན་ཧྲི་ལེ་སི་ཐཱ་ལ་མཇལ་འཕྲད་གནང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན།   རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚེས25ཉིན་པེ་ཅིང་དུ་ནེ་པ་ལའི་ཙུང་ལི་གཞོན་པའི་ཞོར་དུ་ཕྱི་འབྲེལ་པུའུ་ཀྲང་གི་འགན་ཁུར་མཁན་ཧྲི་ལེ་སི་ཐཱ་ལ་མཇལ་འཕྲད་གནང་།

ཝང་ཧུའུ་ཉིང་གིས་ན་ནིང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ལི་ཕུའུ་ལ་ཁྲང་ལ་མཇལ་འཕྲད་གནང་སྟེ་ཀྲུང་གོ་དང་ནེ་པ་ལའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་།    ཕྱོགས་གཉིས་ཀྱིས་ཆབ་སྲིད་ཀྱི་རྒྱབ་སྐྱོར་ཇེ་དྲག་ཏུ་གཏོང་བ་དང་སྤུས་ཚད་མཐོན་པོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ་དམངས་སེམས་གཅིག་མཐུན་ཡོང་བར་བྱེད་དགོས།    ཀྲུང་གོ་ཕྱོགས་ཀྱིས་ནེ་པ་ལ་ཕྱོགས་དང་མཉམ་དུ།   རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བཟང་བོ་བྱས་ཏེ་ཀྲུང་གོ་དང་ནེ་པ་ལའི་དར་རྒྱས་གོང་འཕེལ་ལ་ཕྱོགས་པའི་མི་རབས་ནས་མི་རབས་བར་གྱི་མཛའ་མཐུན་གྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་བ་དང་སྔར་ལས་དམ་ཟབ་ཀྱི་ཀྲུང་གོ་དང་ནེ་པ་ལའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་འདོད་ཡོད།   ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་དེའི་ཐད་བྱས་རྗེས་འཇོག་འདོད་ཡོད་ཅེས་བསྟན།

ཧྲི་ལེ་སི་ཐཱ་ཡིས་ཀྲུང་གོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བླངས་པའི་གཡུར་དུ་ཟ་བའི་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་བྱས་ཤིང་།   ནེ་པ་ལ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ་དང་།   ཀྲུང་གོའི་བར་གྱི་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་པའི་རེ་བ་བཅངས་ཡོད་ཅེས་བསྟན།

ཧུའུ་ཁྲུན་ཧྭ་དང་པ་ཐིར།   ཝང་ཏུང་ཧྥིན་བཅས་མཇལ་འཕྲད་ལ་ཞུགས།

ལྷ་མོ་ཚེ་རིང་གིས་བསྒྱུར།