མཚོ་སྔོན་ཞིང་ཆེན་གྱི་སྲིད་གྲོས་ཨུ་ཡོན་གྱི་སློབ་སྦྱོང་རྟོག་ཞིབ་རྟེན་གཞིའི་སྒོ་བྱང་བཀལ།
2024.03.26 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 7

ཟླ3པའི་ཚེས25ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཨུ་ཡོན་གྱི་སློབ་སྦྱོང་རྟོག་ཞིབ་རྟེན་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོ་དང་མཉམ་ལས་སྒྲོམ་གཞིའི་གྲོས་ཆོད་འགོད་པའི་མཛད་སྒོ་དེ་ཞིང་ཆེན་ཡིག་ཚགས་ཁང་ནས་སྤེལ། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་གྲོས་ཚོགས་ལ་ཞུགས་པ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཁོངས་མི། ཀྲུའུ་ཞི་གཞོན་པ་ལིའུ་ཏ་ཡེ་ཡིས་ཤིས་ཚིག་ཕུལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གྲོས། ཞིང་ཆེན་ཡིག་ཚགས་ཁང་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་དང་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་འགའ་གྲོས་ཚོགས་ལ་ཞུགས།

མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཨུ་ཡོན་གྱི་སློབ་སྦྱོང་རྟོག་ཞིབ་རྟེན་གཞི་དེ་ཞིང་ཆེན་ཡིག་ཚགས་ཁང་དུ་བཙུགས་ཡོད་ཅིང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་ཨུ་ཡོན་གྱིས་དཀྱིལ་སྙིང་ལ་དམིགས་པ་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་ལ་རོགས་ཤུགས་འདོན་པའི་ཁྲོད་བྱས་རྗེས་འཇོག་པ་སོགས་ཀྱི་ཕྱོགས་ནས་བྱེད་ནུས་འདོན་རྒྱུ་རེད། ཞིང་ཆེན་ཡིག་ཚགས་ཁང་དང་ཞིང་ཆེན་སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་རྒྱུ་ཆ་ཁང་གིས་མཉམ་ལས་སྒྲོམ་གཞིའི་གྲོས་ཆོད་བཀོད་པ་དང་། གྲོས་ཆོད་ལྟར་ན། ཕྱོགས་གཉིས་ཀྱིས་བཅའ་ཁྲིམས་དང་སྒྲིག་སྲོལ་ལ་བསྟུན་པ་དང་། ཕན་ཚུན་ཡིད་ཆེས་གཉིས་ཕན། མཉམ་སྐུལ་མཉམ་འཕེལ་གྱི་རྩ་དོན་ལ་དམིགས་ཏེ། རིག་གནས་ལོ་རྒྱུས་རྒྱུ་ཆ་བསྡུ་སྒྲིག་དང་ཆེད་སྒྲིག་འགྲེམས་སྟོན་སོགས་ཀྱི་ཕྱོགས་ནས་མཉམ་ལས་གཏིང་ཟབ་བྱ་རྒྱུ་རེད། མཉམ་ལས་སྒྲོམ་གཞིའི་གྲོས་ཆོད་བཀོད་པ་དེས་ཞིང་ཆེན་ཡིག་ཚགས་ཁང་གི་དཔེ་སྟོན་སྣེ་ཁྲིད་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་། ཕྱོགས་གཉིས་པོས་ཡིག་ཚགས་དང་རིག་གནས་ལོ་རྒྱུས་དཔྱད་གཞིའི་ཁྱབ་ཁོངས་ཀྱི་མཉམ་ལས་བརྗེ་རེས་དང་ཐོན་ཁུངས་མཉམ་སྤྱོད་སྔར་ལས་གཏིང་ཟབ་ཏུ་སྤེལ་བ། ཡིག་ཚགས་བྱ་བ་དང་སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་དཔྱད་གཞིའི་བྱ་བ་དང་ཏང་ཨུ་སྲིད་གཞུང་གི་དཀྱིལ་སྙིང་བྱ་བའི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་བྱ་བས་ལོ་རྒྱུས་ཉར་ཚགས་དང་སྲིད་དོན་སྐྱོང་རོགས། མཐུན་སྒྲིལ། མི་སྣ་སྐྱེད་སྲིང་གི་བྱེད་ནུས་གལ་ཆེན་འདོན་སྤེལ་གང་ལེགས་བྱེད་པར་རམ་འདེགས་བྱེད་རྒྱུ་རེད།

ཉིན་དེར། མཛད་སྒོར་ཞུགས་པའི་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་རྣམས་ཀྱིས་ཞིང་ཆེན་ཡིག་ཚགས་ཁང་ནས་ལྟ་སྐོར་དང་བསམ་ཚུལ་བརྗེ་རེས་བྱས།

ལྷ་མོ་འཚོས་བསྒྱུར།