ཟླ3པའི་ཚེས25ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་སྤྱི་འདོམས་ཀི་ཨོ་ཨར་ཅི་ཡེ་ཝ་ལ་མཇལ་འཕྲད་གནང་།
ཟླ3པའི་ཚེས25ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་ཙུང་ཚའེ་ཀི་ཨོ་ཨར་ཅི་ཡེ་ཝ་ལ་མཇལ་འཕྲད་གནང་།
ལིས་ཆང་གིས་བསྟན་དོན། དེང་སྐབས་འཛམ་གླིང་གི་དཔལ་འབྱོར་སླར་གསོ་འབྱུང་ཚད་སྔར་བཞིན་དལ་བ་དང་ཀྲུང་གོས་ད་ལོའི་རྒྱལ་ནང་གི་ཐོན་སྐྱེད་སྤྱིའི་ཐོན་རིན5%ཙམ་འཕར་རྒྱུའི་དམིགས་ཚད་བཏོན་པ་དེ་ནི་འཛམ་གླིང་དཔལ་འབྱོར་ལ་ཕན་པ་གལ་ཆེན་ཡོད། ད་ལོར་ཀྲུང་གོའི་དཔལ་འབྱོར་བཟང་ཕྱོགས་སུ་འཕེལ་བའི་རྣམ་པ་རྒྱུན་ཆད་མེད་པར་ཇེ་བརྟན་དང་ཇེ་ལེགས་སུ་སོང་ནས་འགོ་ཡག་པོ་ཞིག་བཙུགས་ཏེ། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བར་རྨང་གཞི་བརྟན་པོ་བཏིངས་ཡོད། ཡུན་རིང་ལ་བསམ་ནས་བལྟས་ན། ཀྲུང་གོའི་དཔལ་འབྱོར་ལ་ལམ་ལུགས་དང་ཁྲོམ་ར། ཐོན་ལས། མི་ཤུགས་ཐོན་ཁུངས། གསར་གཏོད་བཅས་ཀྱི་ལེགས་ཆ་ལྡན་པས་དུས་ཡུན་རིང་པོར་བཟང་ཕྱོགས་སུ་སྐྱོད་པའི་གཞི་རྩའི་གནས་ཚུལ་ལ་འགྱུར་ལྡོག་བྱུང་མེད་ལ་འགྱུར་ལྡོག་ཀྱང་འབྱུང་མི་སྲིད། ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་ང་ཚོར་ཡིད་ཆེས་དང་ནུས་པ་ཡོད། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་བཏང་ནས་ཕྱོགས་སོ་སོའི་བར་གྱི་གཉིས་ཕན་མཉམ་ལས་ལ་སྔར་ལས་ལེགས་པའི་སྒོ་ནས་སྐུལ་འདེད་གཏོང་རྒྱུ་ཡིན།
ལིས་ཆང་གིས་བསྟན་དོན། ཀྲུང་གོ་དང་ཐེབས་རྩ་རྩ་འཛུགས་བར་ལ་མཉམ་ལས་ཀྱི་འབྲེལ་བ་བཟང་པོ་རྒྱུན་འཁྱོངས་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐེབས་རྩ་རྩ་འཛུགས་ཀྱིས་འཛམ་གླིང་ཧྲིལ་བོ་བཅོས་སྐྱོང་བྱེད་པའི་ཁྲོད་མུ་མཐུད་དུ་ནུས་པ་གལ་ཆེན་འདོན་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་། ཐེབས་རྩའི་རྩ་འཛུགས་བར་གྱི་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་གཏོང་བ། འཛམ་གླིང་ཧྲིལ་པོའི་བུ་ལོན་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་རྒྱུར་རྒྱུན་མཐུད་སྐུལ་འདེད་གཏོང་བ་བཅས་བྱས་ནས་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་རྒྱུར་སྟོབས་ཤུགས་གང་ཡོད་འབུལ་འདོད་ཡོད་པར་མ་ཟད། ཐེབས་རྩ་རྩ་འཛུགས་ཀྱིས་དགེ་མཚན་ལྡན་པའི་ཤུགས་རྐྱེན་མུ་མཐུད་དུ་འདོན་སྤེལ་བྱས་ཏེ་དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན་དང་རང་མོས་ཉོ་ཚོང་ལ་སྲུང་སྐྱོབ་བྱེད་པ་དང་། འཛམ་གླིང་ཧྲིལ་པོའི་ཐོན་ལས་ཕྲེང་འབྲེལ་དང་མཁོ་སྤྲོད་ཕྲེང་འབྲེལ་བརྟན་པོ་དང་གེགས་མེད་ཡོང་རྒྱུར་སྲུང་སྐྱོབ་བྱེད་པ། སྒོ་འབྱེད་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུར་རེ་བ་བྱེད་བཞིན་ཡོད་ཅེས་བསྟན།
ཀི་ཨོ་ཨར་ཅི་ཡེ་ཝ་ཡིས་ཀྲུང་གོས་ཐེབས་རྩ་རྩ་འཛུགས་ལ་རྒྱབ་སྐྱོར་ཆེན་པོ་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་། འདས་ཟིན་པའི་ལོ་གཅིག་ནང་ཀྲུང་གོའི་དཔལ་འབྱོར་འཕར་ཚད་སྔོན་དཔག་ལས་བརྒལ་ནས་ལྗང་མདོག་དཔལ་འབྱོར་དང་། གཞི་གྲངས་དཔལ་འབྱོར། མིས་བཟོས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་བྱས་ཡོད། ཀྲུང་གོ་བཟང་ན་འཛམ་གླིང་བཟང་། ཐེབས་རྩ་རྩ་འཛུགས་ཀྱིས་དཔལ་འབྱོར་གྱི་གནད་དོན་ཆབ་སྲིད་ཅན་དུ་བསྒྱུར་རྒྱུར་མོས་མཐུན་མི་བྱེད་པ་དང་ཀྲུང་གོའི་བར་གྱི་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་བཏང་ནས་ཀྲུང་གོའི་དཔལ་འབྱོར་ཚུལ་སྒྱུར་རིམ་སྤོར་དང་སྒྱུར་བཅོས་སྒོ་འབྱེད་ལ་རོགས་རམ་བྱས་ཏེ། ཀྲུང་གོའི་ཐེབས་རྩ་རྩ་འཛུགས་ཀྱི་འཐུས་ཚབ་རང་བཞིན་དང་གཏམ་བཤད་དབང་ཆ་ཇེ་ཆེར་གཏོང་འདོད་ཡོད་ཟེར།
ཝུའུ་ཀྲིན་ལུང་མཇལ་འཕྲད་ལ་ཞུགས།