ཟླ3པའི་ཚེས25ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་ཞིང་ཆེན་ཡོངས་ཀྱི་རིག་གནས་ཤུལ་བཞག་སྲུང་སྐྱོབ་རྒྱུན་འཛིན་བྱ་བའི་བཞུགས་མོལ་ཚོགས་འདུའི་སྟེང་། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རིག་གནས་རྒྱུན་འཛིན་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུ་དང་རིག་གནས་ཤུལ་བཞག་སྲུང་སྐྱོབ་རྒྱུན་འཛིན་གྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་རྐང་དུ་བྱས་ནས་མཚོ་སྔོན་གྱི་རིག་གནས་ཤུལ་བཞག་གི་རིན་ཐང་སྔོག་འདོན་དང་དེར་ངོས་འཛིན་གང་ལེགས་བྱེད་པ་དང་། མཚོ་སྔོན་གྱི་རིག་གནས་ལས་དོན་དར་རྒྱས་གོང་འཕེལ་དུ་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་དཔལ་ཡོན་གཏོད་ཆེད་མཚོ་སྔོན་གྱི་སྟོབས་ཤུགས་འབུལ་དགོས་ཞེས་ནན་གྱིས་བསྟན།
ཚོགས་འདུའི་སྟེང་པའོ་དབྱི་ཀྲི་དང་། མ་ཧྲིན་ཏི། ཞེ་ཙོ། ཝང་ཧྭ་ཕིང་། ཧན་ཅན་ཧྭ། ཀྲང་ཏུང་ཅུས་སོགས་ཆེད་མཁས་པ་དང་། ཞིང་ཆེན་རིག་དངོས་གནའ་རྫས་རྟོག་དཔྱོད་ཞིབ་འཇུག་ཁང་དང་མཚོ་ཤར་གྲོང་ཁྱེར་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་བརྗེ་རེས་གཏམ་བཤད་བྱས་པ་དང་། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་ཡིག་ཐོག་ནས་བསམ་ཚུལ་བརྗེ་རེས་བྱས། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱིས་འབྲེལ་ཡོད་གནས་ཚུལ་ཡར་ཞུ་བྱས། ཁྲིན་ཀང་གིས་ཉན་ཞོར་དུ་ཟིན་བྲིས་བཀོད་པ་དང་འབྲེལ་ཡོད་གནས་ཚུལ་ཞིབ་འདྲི་བྱས།
ཡར་ཞུ་དང་གཏམ་བཤད་ལ་ནན་ཏན་ངང་ཉན་རྗེས་ཁྲིན་ཀང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱ་བར་ཚད་མཐོའི་མཐོང་ཆེན་གནང་ནས་དེའི་གལ་ཆེན་རང་བཞིན་ནན་བཤད་ཐེངས་མང་བྱས་ཏེ་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་བྱ་བ་ཡག་པོ་སྒྲུབ་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་པས། རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱ་བར་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་ཐོབ་ཡོད། འཛམ་གླིང་གི་མིག་རྒྱང་ལ་བརྟེན་ནས་རྒྱལ་ཁབ་ཀྱི་མོས་མཐུན་ཇེ་དྲག་ཏུ་གཏོང་བ་དང་། རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་ཕན་འབྲས་གསར་པར་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་དང་མི་རིགས་དང་། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་མཐོ་ཚད་ནས་ཁུ་ནུ་རིག་གནས་དང་རྨ་ཙོང་རིག་གནས་སོགས་ལོ་རྒྱུས་རིག་གནས་ཀྱི་ནུས་པར་ངོས་འཛིན་བྱེད་དགོས། “ཟུང་འབྲེལ་གཉིས”ཀྱི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་ཡག་པོ་གཏོང་དགོས།
ཁྲིན་ཀང་གིས་ནན་གྱིས་བསྟན་དོན། མཚོ་སྔོན་གྱི་ལོ་རྒྱུས་རིང་ཞིང་རིག་གནས་ཐོན་ཁུངས་ཕུན་སུམ་ཚོགས་ལ་ཁྱད་ཆོས་ཆེན་པོ་ལྡན། རིག་གནས་ཀྱི་ཡིད་རྟོན་ཇེ་ཆེར་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་པ། ཀྲུང་ཧྭའི་དཔལ་ཡོན་གྱི་འབྱུང་ཁུངས་འཚོལ་ཞིབ་གཏིང་ཟབ་བྱེད་པ། རིག་དངོས་གསོན་ཉམས་ལྡན་པར་བེད་སྤྱོད་པར་ཤུགས་སྣོན་པ། གནའ་རྫས་རྟོག་དཔྱོད་ཀྱི་གྲུབ་འབྲས་ལེགས་སྒྲིག་ཞིབ་འཇུག་དང་འཆད་འགྲེལ་ལ་ཤུགས་སྣོན་པ་བཅས་བྱས་ནས་མཐོང་རུང་ཅན་དུ་འགྱུར་བ་དང་། མཉམ་འགུལ་ཅན་གྱིས་བརྒྱུད་སྤེལ་བྱེད་པ། ཉམས་ལེན་བྱེད་པའི་སྟེང་ཤུགས་འདོན་པ་བཅས་ཀྱི་ཐོག་ནས་རིག་དངོས་དང་། ལོ་རྒྱུས། རིག་གནས་བཅས་ཀྱིས་གསོན་ཤུགས་ཅན་དུ་བསྒྱུར་བའི་ནུས་པ་དང་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་དགོས། ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་དངོས་ཕན་ཇེ་ཆེར་གཏོང་བ། ལོ་ངོ་སྟོང་ཕྲག་རིང་རྒྱུན་འཛིན་བྱས་པའི་ལོ་རྒྱུས་དང་རིག་གནས་ཀྱི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱེད་པ། མི་རིགས་སོ་སོའི་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་ཀྱི་མཚོ་སྔོན་གྱི་གཏམ་རྒྱུད་ཡག་པོར་བཤད་པ་བཅས་བྱས་ཏེ་སློབ་གསོ་ཁྲིད་སྟོན་དང་མི་སེམས་གཅིག་སྒྲིལ་གྱི་བྱ་བ་ཡག་པོརབསྒྲུབ་དགོས། རིག་གནས་རྒྱུན་འཛིན་ཡག་པོ་བྱེད་པ་དང་། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱི་གསོན་ཤུགས་འཕེལ་བར་བྱེད་པ། ཐོག་མཐའ་བར་གསུམ་དུ་ལོ་རྒྱུས་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་བྱ་རྒྱུ་དེ་གོ་གནས་གལ་ཆེན་སྟེང་བཞག་ནས་རིག་གནས་ཤུལ་བཞག་དང་དེང་རབས་འཚོ་བ་ཟུང་འབྲེལ་བྱེད་ས་འཚོལ་བ། སྲོལ་རྒྱུན་རིག་གནས་ཀྱི་དེང་རབས་ཅན་གྱི་མཚོན་ཐབས་དམ་འཛིན་བྱས་ནས་སྲུང་སྐྱོབ་ཁྲོད་རྒྱུན་འཛིན་དང་། རྒྱུན་འཛིན་ཁྲོད་གསར་གཏོད་བྱེད་པ། རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་བརྟེན་ནས་སྲོལ་རྒྱུན་རིག་གནས་དེ་འཚོ་བ་དང་ཉེ་འགྲམ་དུ་ཁྱབ་པར་བྱས་ཏེ་དུས་རབས་ཀྱི་ཉམས་འགྱུར་མངོན་ཐུབ་པར་བྱེད་དགོས།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཝང་ཏ་ནན་གྱིས་འགོ་འཛིན་བྱས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཀྲུའུ་ཞང་ཧྥུན་དང་། ཧྲིན་ཀྲང་གཞོན་པ་ཧི་ལུའུ་ཁྲུན་སོགས་ཚོགས་འདུར་ཞུགས། འབྲེལ་ཡོད་གྲོང་ཁྱེར་དང་ཁུལ། ཞིང་ཆེན་ཐད་གཏོགས་སྡེ་ཁག་བཅས་ཀྱི་འགན་འཁུར་བློ་མཐུན་དང་ཆེད་མཁས་པའི་འཐུས་མི་ཚོགས་འདུར་ཞུགས།
ཤ་བོ་གསེར་མཚོས་བསྒྱུར།