ཁྲིན་ཀང་གིས་མཚོ་སྔོན་གྲོང་གསེབ་དར་སྤེལ་སློབ་གླིང་གི་གསོ་སྦྱོང་འཛིན་གྲྭ་ཐོག་མ་བསྡུ་བའི་མཛད་སྒོའི་སྟེང་གཏམ་བཤད།
2024.03.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ3པའི་ཚེས25ཉིན། མཚོ་སྔོན་གྲོང་གསེར་དར་སྤེལ་སློབ་གླིང་གི་གསོ་སྦྱོང་འཛིན་གྲྭ་ཐོག་མ་དེ་མཚོ་སྔོན་སློབ་ཆེན་དུ་བསྡུས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་འཛིན་གྲྭ་བསྡུ་བའི་མཛད་སྒོར་ཞུགས་ཏེ་གཏམ་བཤད། ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་གསུམ་བྱ་བ་དང་གྲོང་གསེབ་དར་སྤེལ་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། དོན་དམ་པས་ཞིང་ལས་ལ་ཆ་རྒྱུས་ཡོད་པ་དང་གྲོང་གསེབ་ལ་དགའ་བ། ཞིང་པར་དགའ་བའི་དཔུང་ཁག་ཅིག་གསོ་སྐྱོང་བྱས་ཏེ། མཚོ་སྔོན་ནས་གྲོང་གསེབ་དར་སྤེལ་གྱི་བྱ་བ་ཧུར་ཐག་གིས་སྒྲུབ་དགོས་ཞེས་ནན་བཤད་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་གྱིས་འགོ་འཛིན་བྱས།

ཁྲིན་ཀང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་གྲོང་གསེབ་དར་སྤེལ་སློབ་གླིང་བཙུགས་པར་རྟེན་འབྲེལ་ཞུས་པ་དང་། གསོ་སྦྱོང་ཐོག་མར་ཞུགས་པའི་སློབ་མ་རྣམས་ལ་དགའ་བསུ་ཞུས་ཤིང་། སློབ་གླིང་གི་སྔོན་སྐབས་ཀྱི་གྲ་སྒྲིག་བྱ་བར་ཁས་ལེན་བྱས། ཁོས་གྲོང་གསེབ་དར་སྤེལ་བྱ་བ་དམ་འཛིན་བྱས་ན། དེང་སྐབས་ལ་བྱས་རྗེས་བཞག་པ་དང་ཡུན་རིང་བོར་ཕན་པ་བཏགས་པ་ཡིན་ལ། གྲོང་གསེབ་དར་སྤེལ་སློབ་གླིང་ཡག་པོར་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན། མིག་སྔར་ལས་བྱེད་པས་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པའི་བྱ་བའི་བླང་བྱ་ནན་ཏན་གྱིས་དངོས་འབེབས་བྱས་ཏེ། ཁ་གཏད་རང་བཞིན་གྱི་གསོ་སྦྱོང་བྱས་པ་བརྒྱུད་རིམ་པ་སོ་སོའི་ལས་བྱེད་པའི་འཇོན་ནུས་དང་བརྩོན་སེམས་སྔར་ལས་ཆེ་རུ་བསྐྱེད་དགོས་ལ། སྒྲུབ་འདོད་ཀྱང་སྒྲུབ་མི་ཤེས་པའི་དཀའ་གནད་སེལ་ནས་བསམ་ཕྱོགས་གསལ་བོ་བྱེད་པའི་ཆུ་ཚད་ཇེ་མཐོར་བཏང་སྟེ། གྲོང་གསེབ་དར་སྤེལ་འཐབ་ཇུས་གོ་རིམ་ལྡན་པར་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས་ཞེས་བསྟན།

ཁྲིན་ཀང་གིས་ནན་གྱིས་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཐོ་ཚད་ནས་གྲོང་གསེབ་དར་སྤེལ་ལ་བལྟས་ཏེ། དུས་རབས་ཀྱི་གོ་སྐབས་དམ་འཛིན་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོབ་ཀྱི་འབྲེལ་བ་ཐག་གཅོད་བྱེད་དགོས་ཤིང་། གྲོང་གསེབ་དར་སྤེལ་དང་མི་རིགས་ཆོས་ལུགས། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་སོགས་བྱ་བ་ཕན་ཚུན་འཚམ་མཐུན་ཡོང་བར་སྣེ་ཁྲིད་བྱས་ནས། གྲོང་གསེབ་དར་སྤེལ་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་བསྐྲུན་པའི་རྨང་གཞི་བརྟན་པོ་དང་འདེགས་སྐྱོར་གལ་ཆེན་དུ་འགྱུར་བར་བྱེད་དགོས། སྟོང་ཁྲི་བཟོ་སྐྲུན་གྱི་ཉམས་མྱོང་སློབ་སྦྱོང་དང་བཀོལ་སྤྱོད་བྱས་ཏེ། མཐོང་རྒྱ་བསྐྱེད་པ་དང་བསམ་ཕྱོགས་ཡངས་པོར་འབྱེད་པ། ཡུལ་བབ་དང་བསྟུན་པ་དང་རིགས་བགར་ཇུས་བསྟར་བྱེད་པ། རྒྱུན་སྲིང་ལྷོད་མེད་དང་སྙིང་རུས་རྒྱུན་འཁྱོངས་ཀྱིས་རྗེས་མཐུད་དགེ་མཚན་འདོན་སྤེལ་དང་ནང་གནས་སྒུལ་ཤུགས་བསྐྱེད་ནས། བདེ་སྡོད་ལས་བརྩོན་དང་འཆམ་མཐུན་གྱི་གྲོང་གསེབ་ཅིག་བསྐྲུན་ནས་མང་ཚོགས་ཀྱི་འཚོ་བ་ཇེ་སྐྱིད་ཇེ་བཟང་དུ་གཏོང་དགོས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་ཕན་ཡོད་སྦྲེལ་མཐུད་བྱེད་པར་མུ་མཐུད་སྐུལ་འདེད་བཏང་སྟེ། གྲོང་གསེབ་དར་སྤེལ་ཐད་གནས་པའི་ཞན་ཆ་གསལ་འབྱེད་བྱེད་པ་དང་། བསམ་བློ་ཇེ་དམ་དང་བྱེད་ཐབས་ཇེ་བཟང་། བྱེད་ནུས་ཇེ་མཐོ་དང་བྱེད་ཕྱོགས་ཇེ་དྲག་ཏུ་གཏོང་དགོས་ཤིང་། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་པ་དང་། ཕྱུག་འགྱུར་སྣེ་ཁྲིད་པ་སྔོག་འདོན་དང་སྐྱེད་སྲིང་བྱེད་པ། སྔོན་ལ་ཕྱུག་པོར་གྱུར་མཁན་གྱིས་མི་གཞན་ཕྱུག་འགྱུར་འབྱུང་བར་སྐུལ་ཁྲིད་བྱེད་པའི་རྐྱེན་སྲོལ་བཟང་པོ་ཞིག་གྲུབ་པར་བྱས་ཏེ་གྲོང་གསེབ་དར་སྤེལ་སྔར་ལས་རྒྱུན་མཐུད་དང་སྔར་ལས་ནུས་ལྡན་དུ་འགྱུར་བར་བྱེད་དགོས། མཚོ་སྔོན་སློབ་ཆེན་གྱི་རིག་ཚན་དགེ་མཚན་འདོན་སྤེལ་བྱས་ཏེ་གཞུང་ལུགས་དང་དོན་དངོས་སྦྲེལ་མཐུད་བྱེད་པ་དང་། གནད་དོན་གསལ་འབྱེད་ཀྱི་སློབ་ཁྲིད་ལ་དམིགས་ཏེ་དྲ་ལམ་དང་ཡུལ་དངོས་ཟུང་འབྲེལ། རིང་ཐུང་ཟུང་འབྲེལ། སློབ་གྲྭ་དང་ས་གནས་མཉམ་འབྲེལ། གླིང་ཁུལ་གཅིག་དང་འབྲེལ་གནས་མང་པོ། སློབ་སྦྱོང་ཞིབ་འཇུག་གཞི་གཅིག་ཏུ་གྲུབ་པ་སོགས་ཕན་ཚུན་འབྲེལ་མཐུད་བྱེད་དགོས་ཤིང་། ནང་དུ་གདན་འདྲེན་ཞུ་བ་དང་ཕྱི་རུ་བསྐྱོད་པ་ཟུང་འབྲེལ་བྱས་ནས་ཁ་གཏད་ས་མི་འདྲ་བར་དམིགས་ནས་རིགས་བགར་གསོ་སྦྱོང་གནད་ཁེལ་བྱས་ཏེ། སློབ་གླིང་གི་གསོ་སྦྱོང་གྲུབ་འབྲས་དེ་སློབ་མས་ལས་དོན་སྒྲུབ་པའི་ནུས་པར་བསྒྱུར་དགོས།

ཁྲིན་ཀང་གིས་གསོ་སྦྱོང་འཛིན་གྲྭ་ཐོག་མའི་སློབ་མ་རྣམས་ཀྱིས་འགོ་བཟང་པོ་ཞིག་བརྩམས་ནས་མིག་དཔེ་སྟོན་དགོས། གསོ་སྦྱོང་ལ་ཞུགས་པ་བརྒྱུད་སྲིད་ཇུས་ཤེས་མཁན་ཞིག་བྱས་ཏེ་ཏང་གི་སྲིད་ཇུས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་ཐད་ཀར་གྱི་ནུས་པར་འགྱུར་བར་བྱེད་དགོས། ཐོན་ལས་དར་སྤེལ་གཏོང་བའི་སྣེ་ཁྲིད་མཁན་བྱས་ཏེ་ལུས་རྩལ་དང་རིག་གནས་ཡུལ་སྐོར་སོགས་གྲོང་གསེབ་དར་སྤེལ་ཁྲོད་འདྲེས་པར་བྱེད་དགོས། དར་སྤེལ་ལ་སྐུལ་བའི་དངོས་སྒྲུབ་པ་བྱས་ཏེ། མང་ཚོགས་དགའ་འོས་པའི་དོན་དངོས་དོན་བཟང་གང་མང་ཞིག་བསྒྲུབ་ནས་དུས་དང་རྣམ་པ་ཀུན་ཏུ་རང་གཅུན་ནན་མོ་བྱེད་རྒྱུར་གཙིགས་འཛིན་དང་ལས་སྒྲུབ་སྤོབས་སེམས་ཆེ་རུ་བསྐྱེད་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།

ལིའུ་ཆི་ཧྥན་གྱིས་འགོ་འཛིན་བྱེད་སྐབས་བསྟན་དོན། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་སྒྲུབ་སྟེ་གྲོང་གསེབ་དར་སྤེལ་དེ་ཞིང་གསུམ་བྱ་བའི་དོན་ཆེན་དང་ཐོག་མའི་ལས་འགན་དུ་བརྩི་དགོས་ཤིང་། སེམས་ཤུགས་བཏོན་ནས་གྲོང་གསེབ་འཕེལ་རྒྱས་དང་། གྲོང་གསེབ་འཛུགས་སྐྲུན། གྲོང་གསེབ་བཅོས་སྐྱོང་བཅས་ལ་སྐུལ་འདེད་བཏང་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས། མཚོ་སྔོན་གྲོང་གསེབ་དར་སྤེལ་སློབ་གླིང་གིས་ཞིང་གསུམ་ཁྱབ་ཁོངས་ཀྱི་རྣམ་པ་གསར་བ་དང་ལས་རྣམ་གསར་བ། རིགས་སྣ་གསར་བ། ལག་རྩལ་གསར་བ་བཅས་གཙོར་བཟུང་སྟེ་མགོ་རྩོམ་ས་མཐོན་པོ་དང་ཚད་གཞི་མཐོན་པོ། ཆུ་ཚད་མཐོན་པོས་སློབ་སྦྱོང་གསོ་སྦྱོང་སྤེལ་ནས། ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་དར་སྤེལ་འཐབ་ཇུས་སྔར་ལས་བཟང་པོས་ལག་བསྟར་བྱེད་པར་རྒྱུན་ཆད་མེད་པར་འཇོན་མིའི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས། གསོ་སྦྱོང་ལ་ཞུགས་མཁན་གྱིས་སེམས་ཞིབ་མོས་ཕྱོགས་ཡོངས་དང་མ་ལག་ལྡན་པར་སློབ་དགོས་ཤིང་། སེམས་ལྷོད་ལ་བབས་ནས་དོན་དངོས་དང་ཟུང་འབྲེལ་བྱེད་དགོས་ལ། སློབ་སྦྱོང་བྱེད་ཞོར་བསམ་གཞིགས་གཏོང་བ་དང་གོ་རྟོགས་བསྐྱེད་ཞོར་ལས་སྒྲུབ་བྱེད་པའི་ཁྲོད་མུ་མཐུད་དུ་ཆབ་སྲིད་ཀྱི་ལངས་གནས་དང་། སྲིད་ཇུས་ཆུ་ཚད། བྱ་བའི་འཇོན་ནུས་བཅས་ཇེ་མཐོར་གཏོང་བ་དང་། རྒྱུན་ཆད་མེད་པར་ཞིང་གསུམ་ལ་ཆ་རྒྱུས་ཡོད་པ་དང་། ཞིང་གསུམ་བྱ་བར་དགའ་བ། ཞིང་གསུམ་དར་སྤེལ་གཏོང་བའི་བརྩེ་སེམས་དང་ནུས་པ་ཇེ་ཆེར་གཏོང་དགོས།

ཞིང་ཆེན་གྱི་འགོ་ཁྲིད་ཚེ་རིང་ཐར་དང་ཀྲུའུ་ཞང་ཧྥིན། དབྱང་ཀྲི་ཝུན་བཅས་འཛིན་གྲྭ་བསྡུ་འགོ་རྩོམ་པའི་མཛད་སྒོར་ཞུགས་ཡོད་ལ། ཞིང་ཆེན་ཏང་ཨུའི་རོང་འབྲོག་ཁུལ་བྱ་བའི་འགོ་ཁྲིད་ཚན་ཆུང་མཚོ་སྔོན་ཞིང་ཆེན་གྲོང་གསེབ་དར་སྤེལ་འགོ་ཁྲིད་ཚན་ཆུང་གི་ཁོངས་གཏོགས་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་དང་། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུའི་ཁག་བགོས་དོ་དམ་གྱི་ཧྲུའུ་ཅི་གཞོན་པ། མཚོ་སྔོན་སློབ་ཆེན་དང་མཚོ་སྔོན་གྲོང་གསེབ་དར་སྤེལ་སློབ་གླིང་གི་འབྲེལ་ཡོད་བློ་མཐུན། གསོ་སྦྱོང་འཛིན་གྲྭ་ཐོག་མའི་སློབ་མ་རྣམས་བཅས་འཛིན་གྲྭ་བསྡུ་འགོ་རྩོམ་པའི་མཛད་སྒོར་ཞུགས་ཡོད།

རིག་འཛིན་སྒྲོལ་མས་བསྒྱུར།