ཟླ་3པའི་ཚེས25ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མཚོ་ཤར་གྲོང་ཁྱེར་མེན་ཧོ་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་དུ་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་ཆེས་ཆེ་བའི་ཆབ་སྲིད་གྲུབ་འབྲས་སུ་བརྩི་བ། ལངས་གནས་མཐོར་འདེགས་སུ་གཏོང་བ་དང་མ་ལག་ཚང་བར་འཆར་འགོད་བྱེད་པ། འགན་འཁྲི་གཏན་ཁེལ་བྱེད་པ་དང་བྱེད་ཐབས་ལག་བསྟར་བཟང་བོ་བྱེད་པ། གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་ལ་སྐུལ་འདེད་བཏང་ནས། བྱ་བ་སྒྲུབ་པ་མི་དམངས་ཀྱི་རེ་འདོད་དང་མཐུན་པར་བྱེད་དགོས།
ཀོན་ཐེན་གྲོང་རྡལ་ལྟེ་གནས་སློབ་གྲྭའི་ཕྱོགས་བསྡུས་ཐོག་ཁང་གི་སྲ་སྒྱུར་ལས་གཞིའི་ཡུལ་དངོས་སུ། ཝུའུ་ཞའོ་ཅུན་གྱིས་སྲ་སྒྱུར་ནང་དོན་དང་མ་དངུལ་སྤྲོད་གཏོང་། འཛུགས་སྐྲུན་བྱེད་ཚད། འཛུགས་སྐྲུན་བདེ་འཇགས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པར་མ་ཟད། ཇུས་འགོད་དང་འཛུགས་སྐྲུན། རྒྱུ་ཆ་བཅས་ཀྱི་སྤུས་ཚད་འགག་སྒོ་བརྟན་སྲུང་བྱེད་པ་དང་། རྩ་འཛུགས་ཞིབ་མོ་བྱེད་པ་དང་དོ་དམ་ལ་ཤུགས་སྣོན་པ། བཀོད་གཏོང་ལ་ཤུགས་བསྣན་ནས། ལས་གཞི་སྔ་མོ་ནས་འཛུགས་སྐྲུན་བྱེད་པ་དང་སྔ་མོ་ནས་ཡོངས་འགྲུབ་བྱེད་པ། སྔ་མོ་ནས་གྲུབ་འབྲས་ལེན་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན། དེའི་རྗེས་སུ་ཝུའུ་ཞའོ་ཅུན་པོ་ཅ་སྡེ་བའི་སྡེ་དམངས་པོ་ཏི་ཧའེ་དང་པོ་ཧྲིན་གོའི་ཁྱིམ་དུ་སོང་ནས། ཁང་བ་ཞིག་གསོ་སྲ་སྒྱུར་དང་བསྐྱར་འཛུགས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་། ཞིག་གསོའི་འགྲོ་གྲོན་དང་མ་དངུལ་གྱི་ཡོང་ཁུངས། འཛུགས་སྐྲུན་དུས་སྐབས་སོགས་གནས་ཚུལ་གསལ་བོར་དྲིས། ཁོས་ཞིང་པའི་ཁང་བ་ཞིག་གསོ་སྲ་སྒྱུར་དང་བསྐྱར་འཛུགས་བྱེད་རྒྱུ་ནི། གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་ཀྱི་དོན་ཆེན་ཡིན་པས། མང་ཚོགས་ཡིད་ཚིམ་པར་བྱེད་རྒྱུ་དེ་ཞིབ་དཔྱད་དང་ཚད་གཞི་རུ་བརྩིས་ནས། ལག་རྩལ་གྱི་མཛུབ་སྟོན་ལ་ཤུགས་སྣོན་པ་དང་། མྱུར་དུ་སླར་གསོ་བསྐྱར་འཛུགས་བྱས་ཏེ། མང་ཚོགས་སྔ་མོ་ནས་ཁང་པ་གསར་བའི་ནང་སྤོར་ཐུབ་པར་བྱེད་དགོས་ཞེས་ནན་གྱིས་བསྟན།
ཞིང་ལས་ཐོན་སྐྱེད་ནི་གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་ཀྱི་ཕྱོགས་གཙོ་བོ་རེད། ཝུའུ་ཞའོ་ཅུན་སྔ་གཞུག་ཏུ་ཀྲུང་ཁྲོན་ཡུལ་ཚོ་ཀོང་མེན་སྡེ་བ་དང་ཁྲོན་ཁི་གྲོང་རྡལ་ཐའོ་ལེན་སྡེ་བ། ཧི་ཐོ་གྲོང་ཡུལ་ཚོའི་ལིས་ཁྲང་སྡེ་བ་བཅས་ལ་སོང་ནས། སྡེ་བའི་ལས་བྱེད་པ་དང་སྡེ་དམངས་ལ་ཁ་བརྡ་བྱས་པ་དང་། འབྲུ་རིགས་བདེ་འཇགས་དང་རྨོ་ཞིང་སྲུང་སྐྱོབ། དཔྱིད་ཀའི་རྨོ་འདེབས་དང་ལས་བྱེད་པ་ཁྲི་གཞི་རིམ་དུ་སོང་ནས་སློབ་གཅིག་སྐུལ་གསུམ་གྱི་བྱ་འགུལ་སྤེལ་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། ཁོས་གནོད་འཚེའི་ཁྲོད་གཏོར་བརླག་ཐེབས་པའི་ཞིང་ས་དང་ཞིང་ལས་སྒྲིག་ཆས་མུ་མཐུད་དུ་སླར་གསོ་ཞིག་གསོ་བྱེད་པ་དང་། ཞིང་ལས་རྒྱུ་ཆ་མཁོ་འདོན་འགན་སྲུང་བྱེད་ཤུགས་ཇེ་ཆེར་གཏོང་བ། ཞིང་ལས་ལག་རྩལ་གྱི་མཛུབ་སྟོན་ལ་ཤུགས་སྣོན་པ། ཞིང་ལས་ཐོན་སྐྱེད་ལ་བཀོད་སྒྲིག་བཟང་བོ་བྱེད་དགོས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་དང་པོ་སྒྲོག་འགྲེལ་ཟབ་མོ་བྱེད་པ་དང་། སྡེ་བ་དང་ཁྱིམ་ཚང་དུ་སོང་ནས་སྤྱི་ཚོགས་ཀྱི་གནས་ཚུལ་དང་སྡེ་བའི་གནས་ཚུལ། དམངས་ཀྱི་འདོད་བློར་རྟོག་ཞིབ་བྱེད་པ། རིགས་སྣ་གསར་བ་དང་ལག་རྩལ་གསར་བ་ཁྱབ་གདལ་གཏོང་བ། མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་བྱེད་པའི་ལམ་བུ་རྒྱུན་མ་ཆད་པར་རྒྱ་བསྐྱེད་དེ། ཏང་གི་ཞིང་དར་ཞིང་ཕན་ཞིང་ཕྱུག་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་ཞེས་ནན་གྱིས་བསྟན།
གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་བཞུགས་མོལ་ཚོགས་འདུའི་སྟེང་། ཝུའུ་ཞའོ་ཅུན་གྱིས་མཚོ་ཤར་གྲོང་ཁྱེར་དང་མེན་ཧི་རྫོང་ཏང་ཨུ་དང་སྲིད་གཞུང་། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་ཀྱི་གནས་ཚུལ་ཡར་ཞུ་ལ་ཉན། ཁོས་ནན་གྱིས་བསྟན་དོན། ཆབ་སྲིད་ཀྱི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ་དང་ཕྲག་ཏུ་ལེན་པ་དང་། ལས་བྱེད་པས་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པའི་བླང་བྱ་ལག་བསྟར་ནན་མོ་བྱེད་པ། ལས་གཞི་གཙོ་བོ་མྱུར་དུ་འཛུགས་སྐྲུན་བྱས་ནས། དུས་བཀག་ལྟར་དང་སྤུས་ཚད་བཟང་བོས་སླར་གསོ་བསྐྱར་འཛུགས་ལས་འགན་ཡོངས་འགྲུབ་བྱེད་དགོས། སྟོབས་ཤུགས་ཡོད་རྒུས་འཆར་གཞི་ལག་བསྟར་བྱེད་པ་དམ་འཛིན་བྱེད་པ་དང་། འཆར་གཞིའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། ཆེད་དོན་འཆར་གཞི་སྣ་ཚོགས་དང་ལས་གཞིའི་འཆར་འགོད་ནང་དོན་འཐུས་ཚང་དུ་བཏང་སྟེ། འཆར་གཞིའི་གཟབ་ནན་རང་བཞིན་དང་དབང་ཟིལ་རང་བཞིན་ལ་སྲུང་སྐྱོབ་བྱེད་དགོས། ལས་གཞི་ལག་བསྟར་དམ་འཛིན་བྱེད་པ་དང་། སྤུས་ཚད་དང་པོ་དང་བདེ་འཇགས་དང་པོར་འཛིན་པ་རྒྱུན་འཁྱོངས་བྱེད་པ། རྒྱལ་ཁབ་འཛུགས་སྐྲུན་གྱི་ཚད་གཞི་ལག་བསྟར་ནན་མོ་བྱེད་པ། འཛུགས་སྐྲུན་དུས་རིམ་གྱི་བདེ་འཇགས་འགོག་སྡོམ་ལ་ཤུགས་སྣོན་པ། རྩིས་བཤེར་ལྟ་སྐུལ་བཟང་བོ་བྱེད་པར་རྗེས་འདེད་བྱེད་པ། མ་དངུལ་བཀོལ་སྤྱོད་བཟང་བོ་བྱེད་པ་དང་ལས་གཞི་འཛུགས་སྐྲུན་བཟང་བོ་བྱས་ནས། བདེ་འཇགས་ཀྱི་བཟོ་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་བཟོ་སྐྲུན། སེམས་བདེའི་བཟོ་སྐྲུན། དག་གཙང་གི་བཟོ་སྐྲུན་གསར་སྐྲུན་བྱེད་དགོས། སྟོབས་ཤུགས་གཅིག་ཏུ་བསྡུས་ནས། གྲོང་ཁྱེར་དང་རྫོང་གི་གཙོ་གཞིའི་འགན་འཁྲི་ལག་བསྟར་བཟང་བོ་བྱེད་པ་དང་། གཞི་རིམ་གྱི་སྟོབས་ཤུགས་ལ་ཤུགས་སྣོན་པ། མང་ཚོགས་ཀྱི་བརྩོན་སེམས་དང་རང་འགུལ་རང་བཞིན་ཆེར་བསྐྱེད་པ། ཏང་གི་དྲིན་བསམ་པ་དང་ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་ཏེ། ལས་བྱེད་པ་དང་མང་ཚོགས་ཀྱིས་བློ་སེམས་རྩེ་གཅིག་གིས་ཁྱིམ་གཞི་བསྐྱར་འཛུགས་བྱེད་པའི་སྣང་ཚུལ་སྟུག་པོ་བསྐྲུན་པར་ཧུར་ཐག་བྱེད་དགོས།
ཚེ་རིང་ཐར་དང་ཝང་ལིན་ཧུའུ། ཝུའུ་ལ་ཙི་པེ་ཁི་རེ་སུའུ་ལིས་ཧན། ཧི་ལུའུ་ཁྲུན་བཅས་འབྲེལ་ཡོད་བྱ་འགུལ་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།