ཟླ3པའི་ཚེས25ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར་འཚམས་འདྲིར་ཡོང་བའི་ཏོ་སྨི་ནི་ཁེའི་ཙུང་ལི་ཟི་ཁའེ་ལེ་ཐི་ལ་མཇལ་འཕྲད་གནང་།
ཟླ3པའི་ཚེས25ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར་འཚམས་འདྲིར་ཡོང་བའི་ཏོ་སྨི་ནི་ཁེའི་ཙུང་ལི་ཟི་ཁའེ་ལེ་ཐི་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་ཏོ་སྨི་ནི་ཁེ་ནི་ཅ་ལེ་པིའི་ས་ཁུལ་གྱི་རྒྱལ་ཁབ་གལ་ཆེན་ཞིག་ཡིན་ལ། ས་ཁུལ་དེ་རུ་ཡོད་པའི་ཀྲུང་གོའི་བློ་གཏད་ཆོག་པའི་གྲོགས་པོ་བཟང་པོ་དང་ཟླ་གྲོགས་བཟང་པོ་ཡང་ཡིན། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ20འཁོར་བའི་རིང་ལ། ཀྲུང་གོ་དང་ཏོ་སྨི་ནི་ཁེ་ཡིས་དུས་རྣམ་ཀུན་ཏུ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་བཟུང་བ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཟམ་མི་ཆད་པར་ཇེ་ཆེར་སོང་ཡོད་ལ། ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་སུ་སོང་བར་མ་ཟད། མི་དམངས་ཀྱི་མཛའ་མཐུན་འབྲེལ་བ་ཉིན་རེ་བཞིན་ཇེ་དམ་དུ་སོང་བའི་དབང་གིས། ཀྲུང་གོ་དང་ཏོ་སྨི་ནི་ཁེའི་བར་གྱི་འབྲེལ་བ་ནི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་ཀྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཏོ་སྨི་ནི་ཁེ་ཕྱོགས་ཀྱིས་དུས་རྣམ་ཀུན་ཏུ་ཀྲུང་གོའི་བར་གྱི་མཛའ་མཐུན་འབྲེལ་བ་སྔར་ལས་ཇེ་བརྟན་དུ་གཏོང་རྒྱུར་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱིན་ཡོད་ཅིང་། ཏོ་སྨི་ནི་ཁེ་ཕྱོགས་དང་མཉམ་དུ། འདས་ཟིན་པའི་ལོ20རིང་གི་རྒྱལ་ཁབ་གཉིས་ཀའི་འབྲེལ་བར་ཐོབ་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཉམས་མྱོང་སྤྱི་སྡོམ་བྱས་ནས། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་བསྣན་ཏེ། མཛའ་མཐུན་འབྲེལ་བ་དེ་མཉམ་ལས་གཉིས་ཕན་གྱི་སྒུལ་ཤུགས་སུ་བསྒྱུར་ནས། ཀྲུང་གོ་དང་ཏོ་སྨི་ནི་ཁེའི་འབྲེལ་བར་གྲུབ་འབྲས་སྔར་ལས་གང་མང་ཐོབ་རྒྱུར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་སྔར་ལས་གང་མང་བསྐྲུན་འདོད་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་རྒྱལ་ཁབ་གཉིས་ཀའི་འབྲེལ་བ་བདེ་བླག་ངང་འཕེལ་རྒྱས་འགྲོ་བའི་འགག་རྩ་དེ་རྒྱལ་ཁབ་གཉིས་ཀའི་ཆུ་ཚད་མཐོ་བའི་ཆབ་སྲིད་ཐད་ཀྱི་ཡིས་ཆེས་ལ་རག་ལས་ཡོད་པ་དང་། ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་རྒྱུས་ལོན་དང་ཕན་ཚུན་རྒྱབ་སྐྱོར་བྱ་རྒྱུར་རག་ལས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཏོ་སྨི་ནི་ཁེ་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བསྐྱོད་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ལ། ཏོ་སྨི་ནི་ཁེ་ཕྱོགས་དང་མཉམ་དུ། མཛའ་མཐུན་འགྲོ་འོང་སྔར་ལས་དམ་ཟབ་བྱས་ནས། རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་འདོད་ཡོད། ཏོ་སྨི་ནི་ཁེ་ཕྱོགས་ཀྲུང་གོའི་དེང་རབས་ཅན་གྱི་མྱུར་ལམ་དུ་ཞུགས་ནས། རྒྱལ་ཁབ་གཉིས་ཀའི་དཔལ་འབྱོར་ཚོང་དོན་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། ཞིང་ལས། སྨན་བཅོས་འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་རྒྱུར་དགའ་བསུ་ཞུ་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཏོ་སྨི་ནི་ཁེ་ཡི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རང་ནུས་ཅི་ལྕོགས་ཀྱིས་རོགས་རམ་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཏོ་སྨི་ནི་ཁེ་ཕྱོགས་དང་མཉམ་དུ། མི་གཞུང་རིག་གནས་བརྗེ་རེས་བྱེད་རྒྱ་ཇེ་ཆེར་གཏོང་འདོད་ཡོད། ཏོ་སྨི་ནི་ཁེ་ཡི་ན་གཞོན་སློབ་མ་སྔར་ལས་མང་བོ་ཀྲུང་གོར་ཟབ་སྦྱོང་བྱེད་དུ་ཡོང་བར་དགའ་བསུ་ཞུ་བཞིན་ཡོད་ལ། ཏོ་སྨི་ནི་ཁེ་ཕྱོགས་ལ་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའ་དང་ཟབ་སྦྱོང་སོགས་ཀྱི་གོ་སྐབས་མུ་མཐུད་མཁོ་འདོན་བྱ་རྒྱུ་ཡིན། ཕྱོགས་གཉིས་ཀས་ཏོ་སྨི་ནི་ཁེ་ཡི་རྒྱལ་བཙུགས་སློབ་ཆེན་གྱི་ཁུང་ཙེའི་སློབ་ཁྲིད་ཐོག་ཁང་མཉམ་སྐྲུན་ཡག་པོ་བྱས་ནས། ལས་རིགས་ལག་རྩལ་ཟབ་སྦྱོང་མཉམ་ལས་ཐད་གྲོས་སྡུར་གང་མང་བྱེད་དགོས་ཞེས་ནན་གྱིས་གསུངས།
ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་འདྲ་མཉམ་རིམ་ལྡན་གྱི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཅན་དར་སྤེལ་བཏང་སྟེ། རྒྱལ་ཁབ་ཀྱི་ཆེ་ཆུང་དང་བཙན་གཉོམ་ལ་མི་ལྟ་བར་ཚང་མ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འདྲ་མཉམ་ཁོངས་མི་ཡིན་པའི་འདོད་ཚུལ་འཛིན་གྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་གླིང་ཕྲན་ཆུང་གྲས་ཀྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་གནམ་གཤིས་འགྱུར་ལྡོག་ཁྱབ་ཁོངས་ཀྱི་དོ་ཁུར་དང་བདེ་སྡུག་ལ་མཐོང་ཆེན་བྱེད་པ་དང་། ཏོ་སྨི་ནི་ཁེ་ཡིས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུར་རྒྱབ་སྐྱོར་བྱས་ནས། ཕྱོགས་མང་དང་མཐུན་སྦྱོར་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་པ་དང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་ཟབ་སྤེལ་གཏོང་བ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཅ་ལེ་པིའི་རྒྱལ་ཁབ་བར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཏོ་སྨི་ནི་ཁེ་ཕྱོགས་ཀྱིས་ཅ་ལེ་པིའི་ཐུན་མོང་སྒྲིག་གཞིའི་རེས་སྐོར་ཀྲུའུ་ཞིའི་འགན་འཁུར་བའི་རིང་ལ། རྒྱལ་ཁབ་གཉིས་ཀའི་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་ནུས་པ་གལ་ཆེན་འདོན་སྤེལ་བྱས་པར་བསྔགས་བརྗོད་བྱེད་བཞིན་པ་དང་། ཅ་ལེ་པིའི་རྒྱལ་ཁབ་ཀྱིས་རྒྱལ་ཁབ་དར་རྒྱས་གོང་འཕེལ་དང་མང་ཚོགས་ལ་བདེ་སྐྱིད་བསྐྲུན་རྒྱུར་མུ་མཐུད་རྒྱབ་སྐྱོར་བྱེད་འདོད་ཡོད་ཅེས་ནན་གྱིས་གསུངས།
ཟི་ཁའེ་ལེ་ཐི་ཡིས་ཏོ་སྨི་ནི་ཁེ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་ནན་མོ་བྱས་ནས། ཀྲུང་གོ་ཡོངས་སུ་གཅིག་གྱུར་ཡོང་བར་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་པའི་བྱ་སྤྱོད་ཡོད་ཚད་ལ་ངོ་རྒོལ་བྱེད་ཀྱིན་ཡོད། ཏོ་སྨི་ནི་ཁེ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འཐབ་ཇུས་འབྲེལ་འདྲིས་ལ་ཤུགས་སྣོན་པ་དང་། མི་དམངས་བར་གྱི་མཛའ་མཐུན་འབྲེལ་བ་སྔར་ལས་ཇེ་བརྟན་དུ་གཏོང་བ། ཁྱོན་ཡོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ། དུས་རྣམ་ཀུན་གྱི་འཐབ་ཇུས་ཟླ་གྲོགས་བཅས་བྱས་ནས། ཀྲུང་གོའི་བར་གྱི་འབྲེལ་བ་ཆུ་ཚད་སྔར་ལས་མཐོ་བའི་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་འདོད་ཡོད། ཏོ་སྨི་ནི་ཁེ་ཕྱོགས་ཀྱིས་ཅ་ལེ་པིའི་རྒྱལ་ཁབ་དང་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་མུ་མཐུད་དུ་འདོན་འདོད་ཡོད། ཏོ་སྨི་ནི་ཁེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་རྒྱལ་སྤྱིའི་ལས་དོན་ཁྲོད་འབྲེལ་གཏུག་མཐུན་སྦྱོར་དམ་ཟབ་བྱས་ནས། འཛམ་གླིང་ཧྲིལ་པོའི་གྲོས་འགོ་རབ་དང་རིམ་པ་དོན་འཁྱོལ་ཧུར་ཐག་བྱས་ཏེ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་མཉམ་དུ་སྲུང་སྐྱོབ་བྱས་ནས། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་བསྟན།
ཝང་དབྱི་མཇལ་འཕྲད་ལ་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར