ཟླ3པའི་ཚེས25ཉིན་གྱི་སྔ་དྲོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཛམ་གླིང་དངུལ་ཁང་གི་འགོ་བ་ཕིན་ཨན་ཅེ་ལ་མཇལ་འཕྲད་གནང་།
ཟླ3པའི་ཚེས25ཉིན་གྱི་སྔ་དྲོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཛམ་གླིང་དངུལ་ཁང་གི་འགོ་བ་ཕིན་ཨན་ཅེ་ལ་མཇལ་འཕྲད་གནང་།
ལིས་ཆང་གིས་བསྟན་དོན། འཛམ་གླིང་དངུལ་ཁང་ནི་འཛམ་གླིང་ཧྲིལ་པོར་ཤུགས་རྐྱེན་གལ་ཆེན་ལྡན་པའི་ཕྱོགས་མང་གསར་སྤེལ་སྒྲིག་གཞི་ཞིག་ཡིན་ལ། ད་ལྟ་ལག་བསྟར་བྱེད་བཞིན་པའི་རྒྱལ་སྤྱིའི་བཅོས་སྐྱོང་མ་ལག་གི་རྨང་རྡོ་ཞིག་ཀྱང་ཡིན། ཀྲུང་གོ་ནི་འཛམ་གླིང་སྟེང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཤིག་ཡིན་པའི་ངོས་ནས་འདས་ཟིན་པའི་ལོ40ལྷག་གི་ནང་འཛམ་གླིང་དངུལ་ཁང་དང་ཕན་འབྲས་ལྡན་པའི་མཉམ་ལས་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་དངུལ་ཁང་དང་སྔར་ལས་དམ་ཟབ་ཀྱི་རོགས་ཟླའི་འབྲེལ་བ་བཙུགས་ནས་ཤེས་བྱ་དང་གྲོང་གསེབ་དར་རྒྱས། སྨན་བཅོས་འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྔར་ལས་ཤུགས་སྣོན་པ་དང་འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ནས། གནམ་གཤིས་འགྱུར་ལྡོག་སོགས་འཛམ་གླིང་ཧྲིལ་པོའི་འགྲན་སློང་ལ་ཁ་གཏད་འཇལ་ཆེད་དགེ་མཚན་ལྡན་པའི་བྱས་རྗེས་འཇོག་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་དངུལ་ཁང་གི་སྒྱུར་བཅོས་གྲོས་རིམ་ལ་རྒྱབ་སྐྱོར་བྱས་ནས་འཛམ་གླིང་དངུལ་ཁང་གིས་འཕེལ་རྒྱས་གཏོང་རྒྱུ་དེ་སྒྱུར་བཅོས་ཀྱི་དཀྱིལ་སྙིང་དུ་བཞག་ནས་དབུལ་སེལ་དང་སྲོལ་རྒྱུན་འཕེལ་རྒྱས་ཀྱི་ཁྱབ་ཁོངས་ལ་མ་དངུལ་སྔར་ལས་མང་བོ་གཏོང་བ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཚོན་བྱེད་རང་བཞིན་ཇེ་དྲག་ཏུ་བཏང་སྟེ། འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་ཁྲོད་སྔར་ལས་ནུས་པ་འདོན་རྒྱུར་རེ་བ་བྱེད་བཞིན་ཡོད།
ལིས་ཆང་གིས་བསྟན་དོན། ད་ལོར་ཀྲུང་གོའི་དཔལ་འབྱོར་བཟང་ཕྱོགས་སུ་འཕེལ་བའི་རྣམ་པ་སྲ་བརྟན་དང་ཇེ་ཆེར་འགྲོ་བཞིན་ཡོད། ང་ཚོས་ཕྱོགས་གཅིག་ནས་སྤྱི་ཁོག་སྙོམས་སྒྲིག་བྱེད་ཤུགས་མུ་མཐུད་དུ་ཇེ་ཆེར་གཏོང་བ་དང་སྔོན་དཔག་བརྟན་པོ་དང་འཕར་སྣོན་བརྟན་པོ་ཡོང་བར་ཕན་པའི་སྲིད་ཇུས་སྔར་ལས་མང་བོ་འདོན་པ། ཕྱོགས་གཞན་ཞིག་ནས་འགུལ་ནུས་གསར་པ་མུ་མཐུད་དུ་སྐྱེད་སྲིང་དང་རྒྱ་སྐྱེད་གཏོང་བ་དང་། ད་ལོའི་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པའི་ཡིད་ཆེས་དང་ནུས་པ་ཇེ་ཆེར་བཏང་ནས། འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་ཡོང་བར་བྱས་རྗེས་གསར་པ་འཇོག་རྒྱུ་ཡིན། ང་ཚོས་རྒྱལ་ཁབ་ཁག་དང་མཉམ་ལས་བྱ་རྒྱུར་ཤུགས་བསྣན་ནས་ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་མུ་མཐུད་དུ་བསྐྲུན་རྒྱུ་དང་། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ཀྱི་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ། དྲང་གཞག་འགྲན་རྩོད་ལ་སྔར་ལས་ལེགས་པའི་སྒོ་ནས་སྲུང་སྐྱོབ་བྱེད་པ། ཁེ་ལས་ཁག་གི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ། ཚོང་དོན་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། འཛམ་གླིང་དང་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱ་རྒྱུ་ཡིན།
ཕིན་ཨན་ཅེ་ཡིས་ཀྲུང་གོས་དུས་ཡུན་རིང་པོར་འཛམ་གླིང་དངུལ་ཁང་གི་ལས་དོན་ལ་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་། འཛམ་གླིང་དངུལ་ཁང་གིས་ཀྲུང་གོས་མཉམ་ལས་རྣམ་གྲངས་གཉེར་སྐྱོང་ཡག་པོ་བྱས་པར་བསྔགས་བརྗོད་བྱེད་བཞིན་ཡོད་ལ། ཀྲུང་གོ་ནི་འཛམ་གླིང་དངུལ་ཁང་དང་འཛམ་གླིང་རྒྱལ་ཁབ་ཁག་གི་མཉམ་ལས་ཀྱི་དཔེ་མཚོན་ཞིག་ཡིན། འཛམ་གླིང་དངུལ་ཁང་གིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འཕྲོད་བསྟེན་སྨན་བཅོས་དང་ལྗང་མདོག་ཚུལ་སྒྱུར། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་བཏང་ནས་ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་བྱས་རྗེས་བཟང་བོ་འཇོག་འདོད་ཡོད་ཅེས་བསྟན།
ཝུའུ་ཀྲིན་ལུང་མཇལ་འཕྲད་ལ་ཞུགས།