རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས25ཉིན་པེ་ཅིང་དུ་སོ་སོར་ཏོ་སྨི་ནི་ཁིའི་ཙུང་ལི་ཟི་ཁའེ་ལེ་ཐི་དང་ཨུ་རུ་སི་རྒྱལ་ཁབ་ཀྱི་ཏུའུ་མཱ་གྲོས་ཁང་གི་ཀྲུའུ་ཞི་གཞོན་པ་པཱ་པཱ་ཁོ་ཧྥུའུ་གཉིས་ལ་མཇལ་འཕྲད་གནང་།
ཟླ3པའི་ཚེས25ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་པེ་ཅིང་དུ་ཏོ་སྨི་ནི་ཁའི་ཙུང་ལི་ཟི་ཁའེ་ལེ་ཐི་ལ་མཇལ་འཕྲད་གནང་།
ཟི་ཁའེ་ལེ་ཐི་ལ་མཇལ་འཕྲད་གནང་སྐབས་ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུང་གོ་དང་ཏོ་སྨི་ནི་ཁེ་ནི་བློ་སེམས་མཐུན་པའི་གྲོགས་པོ་བཟང་པོ་དང་ཟླ་གྲོགས་བཟང་པོ་ཡིན། འབྲེལ་བ་བཙུགས་ནས་ལོ་ཉི་ཤུ་འགོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡུན་རིང་འཕེལ་རྒྱས་བྱུང་བ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཏི་སྨི་ནི་ཁི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་ལག་བསྟར་ནན་མོ་བྱས་ཏེ། ཕན་ཚུན་གྱི་རྩ་བའི་ཁེ་ཕན་དང་དོ་སྣང་བྱེད་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་ལ་རོགས་རམ་དང་རྒྱབ་སྐྱོར་བྱེད་འདོད་ཡོད། མཉམ་དུ་འཛམ་གླིང་ཧྲིལ་བོའི་འཕེལ་རྒྱས་གྲོས་འགོ་ལག་བསྟར་བྱས་ནས་ཀྲུང་གོ་དང་ཏོ་སྨི་ནི་ཁིའི་མཛའ་མཐུན་མཉམ་ལས་འབྲེལ་བར་སྔར་ལས་འཕེལ་རྒྱས་འབྱུང་བར་སྐུལ་འདེད་གཏོང་དགོས། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཏོ་སྨི་ནི་ཁིའི་གྲོས་ཁང་བར་གྱི་མཛའ་མཐུན་འགྲོ་འོང་ཤུགས་བསྣན་ནས་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་བརྗེ་རེས་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཁྲིམས་ལུགས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱེད་འདོད་ཡོད།
ཟི་ཁའེ་ལེ་ཐི་ཡིས་བསྟན་དོན། ཏོ་སྨི་ནི་ཁི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ནི་ཕན་ཚུན་ཡིད་ཆེས་དང་ཕན་ཚུན་རྒྱབ་སྐྱོར། མཉམ་རྒྱལ་མཉམ་ལས་ཀྱི་དཔེ་མཚོན་ཡིན། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་བོར་ཕྱོགས་མང་པོ་ནས་རྩ་ཆེ་བའི་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ། ཏོ་སྨི་ནི་ཁི་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱེད་པ་དང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་རྒྱུད་གཅིག་ལམ་གཅིག་དང་འཛམ་གླིང་ཧྲིལ་བོའི་གྲོས་འགོ་ཆེན་པོ་གསུམ་ལ་རྒྱབ་སྐྱོར་བྱེད་འདོད་ཡོད་ལ། ཏོ་སྨི་ནི་ཁི་དང་ཀྲུང་གོའི་མཛའ་མཐུན་མཉམ་ལས་འབྲེལ་བར་མུ་མཐུད་དུ་སྐུལ་འདེད་གཏོང་འདོད་ཡོད་ཟེར།
ཟླ3པའི་ཚེས25ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་པེ་ཅིང་དུ་ཨུ་རུ་སི་རྒྱལ་ཁབ་ཀྱི་ཏུའུ་མཱ་གྲོས་ཁང་གི་ཀྲུའུ་ཞི་གཞོན་པ་པཱ་པཱ་ཁོ་ཧྥུའུ་ལ་མཇལ་འཕྲད་གནང་།
པཱ་པཱ་ཁོ་ཧྥུའུ་ལ་མཇལ་འཕྲད་གནང་སྐབས་ཀྲའོ་ལི་ཅི་ཡིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་ཨུ་རུ་སིའི་བར་འབྲེལ་བ་བཙུགས་ནས་ལོ་དོན་ལྔ་འཁོར་བའི་ལོ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུའུ་ཅིན་གཉིས་ཀྱི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་ཨུ་རུ་སིའི་དུས་རབས་གསར་བའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་རྒྱུན་མཐུད་ངང་ཚད་མཐོན་པོས་འཁོར་སྐྱོད་བྱེད་བཞིན་ཡོད། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་ལག་བསྟར་བྱེད་པར་དམིགས་ནས་ཁྲིམས་འཛུགས་ལས་ཁུངས་ཀྱི་ཁྱད་ཆོས་དང་ལེགས་ཆ་འདོན་སྤེལ་བྱེད་པ་དང་། རིམ་པ་མང་བོ་དང་ཁྱབ་ཁོངས་མང་བོའི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། སྒྲིག་སྲོལ་རང་བཞིན་གྱི་བརྗེ་རེས་བརྗོད་བྱ་ཕུན་སུམ་ཚོགས་པར་བཏང་ནས་རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་ཐད་ཁྲིམས་ལུགས་ཀྱི་འགན་སྲུང་འདོན་སྤྲོད་བྱས་ཏེ་ཀྲུང་གོ་དང་ཨུ་རུ་སིའི་མི་རབས་ནས་མི་རབས་བར་གྱི་མཛའ་མཐུན་ལ་སྤྱི་ཚོགས་དང་དམངས་འདོད་ཀྱི་རྨང་གཞི་བསྐྲུན་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སི་ཕྱོགས་ཀྱིས་གསེར་གྱོམ་རྒྱལ་ཁབ་ཀྱི་གྲོས་ཚོགས་གླེང་སྟེགས་ཐེངས་བཅུ་པ་སྤེལ་བར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ཕྱོགས་མང་ཁྱབ་ཁོངས་ཀྱི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་འདོད་ཡོད།
པཱ་པཱ་ཁོ་ཧྥུའུ་ཡིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་སྣེ་ཁྲིད་དང་སྐུལ་འདེད་འོག ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བ་མུ་མཐུད་དུ་སྲ་བརྟན་དང་འཕེལ་རྒྱས་སུ་སོང་། ཨུ་རུ་སི་རྒྱལ་ཁབ་ཀྱི་ཏུའུ་མཱ་གྲོས་ཁང་གིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་བར་མཛའ་མཐུན་འགྲོ་འོང་དམ་ཟབ་བྱས་ནས་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ནང་དོན་ཕུན་སུམ་ཚོགས་པར་གཏོང་བའི་ཐད་བྱས་རྗེས་འཇོག་འདོད་ཡོད་ཟེར།
མི་ཕམ་མགོན་པོས་བསྒྱུར།