ཟླ3པའི་ཚེས26ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ནོ་རུའི་ཙུང་ཐུངཨ་ཏིས་ཨང་ལ་མཇལ་འཕྲད་གནང་།
ལིས་ཆང་གིས་ད་ལོའི་ཟླ་དང་པོའི་ནང་ཀྲུང་གོ་དང་ནོ་རུའི་བར་གྱི་འབྲེལ་བ་དངོས་སུ་སླར་གསོ་བྱས་པ་དེ་ནི། རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན། ཁ་སང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་ཞབས་ཙུང་ཐུང་དང་གྲོས་མོལ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་རབ་དང་རིམ་པ་བྱུང་བ་དེ་ལས། ཀྲུང་གོ་དང་ནོ་རུའི་བར་གྱི་འབྲེལ་བས་ལེའུ་གསར་པ་དངོས་སུ་རྩོམ་གྱིན་པ་མཚོན་ཐུབ། ཀྲུང་གོ་ཕྱོགས་ཀྱིས་ནོ་རུ་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱེད་རྒྱུ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་སྔར་ལས་ཇེ་ཆེར་གཏོང་བ། གཉིས་ཕན་མཉམ་ལས་ཧུར་ཐག་བཅས་བྱས་ཏེ། དངོས་གཉེར་གྲུབ་འབྲས་གང་མགྱོགས་ཐོབ་པ་བྱས་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་ངོ་མ་བསྐྲུན་འདོད་ཡོད་ཅེས་གསུངས།
ལིས་ཆང་གིས་ཀྲུང་གོ་ཕྱོགས་ཀྱིས་ནོ་རུ་ཕྱོགས་ཀྱིས་རང་རྒྱལ་ཁབ་ཀྱི་རང་བཙན་དང་མི་རིགས་ཀྱི་ལ་རྒྱར་སྲུང་སྐྱོབ་བྱེད་པ་དང་། རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་རང་བདག་ངང་གདམ་ག་བྱེད་པར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ནོ་རུ་ཕྱོགས་དང་མཉམ་དུ་ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་རྒྱབ་སྐྱོར་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་སྟོབས་ཤུགས་རྣལ་མ་ལྡན་པའི་ཀྲུང་གོའི་ཁེ་ལས་ནོ་རུ་ཕྱོགས་སུ་སོང་ནས་མ་དངུལ་གཏོང་བར་རྒྱབ་སྐྱོར་བྱས་ནས།“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་སྒྲོམ་གཞིའི་འོག་ཏུ། ནོ་རུ་ཕྱོགས་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་འགྲིམ་འགྲུལ་སྐྱེལ་འདྲེན། ཡུལ་སྐོར། འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་སྤེལ་བྱས་ཏེ། ནོ་རུ་ཕྱོགས་ཀྱི་ནང་གནས་སྒུལ་ཤུགས་རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་རྒྱུར་རོགས་རམ་བྱེད་འདོད་ཡོད། ཕྱོགས་གཉིས་ཀས་ས་གནས་དང་ན་གཞོན་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀའི་མཉམ་ལས་ཀྱི་དམངས་འདོད་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ནོ་རུ་ཕྱོགས་དང་མཉམ་དུ། 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས》དང་དེ་བཞིན《ཕ་རེ་སིའི་གྲོས་མཐུན》ཁྱོན་ཡོངས་དང་ནུས་ལྡན་ངང་ལག་བསྟར་བྱ་རྒྱུར་སྐུལ་འདེད་བཏང་སྟེ། མཉམ་འབྲེལ་རྒྱལ་ཚོགས་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་གླེང་སྟེགས་སོགས་ཕྱོགས་མང་ལམ་སྲོལ་འོག་ཏུ་ཕན་ཚུན་རྒྱབ་སྐྱོར་དང་གཞོགས་འདེགས་བྱ་རྒྱུར་ཤུགས་བསྣན་ནས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་ལ་མཉམ་དུ་སྲུང་སྐྱོབ་བྱེད་འདོད་ཡོད་ཅེས་གསུངས།
ཨ་ཏིས་ཨང་གིས་ནོ་རུ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་ནན་མོ་བྱས་ནས། ཀྲུང་གོ་ཞི་བས་གཅིག་གྱུར་ཡོང་བར་རྒྱབ་སྐྱོར་བྱ་རྒྱུའི་ཁས་ལེན་བྱས་པ་ཡིན་ལ། ཀྲུང་གོ་ཕྱོགས་ཀྱིས་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་པའི་རྩ་དོན་རྒྱུན་འཁྱོངས་བྱས་པར་བསྔགས་བརྗོད་གང་ལེགས་བྱས་ནས། རྒྱལ་སྤྱིའི་ཞི་བདེ་དང་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུར་རྩེ་གཅིག་ཏུ་གཞོལ་རྒྱུ་ཡིན། ནོ་རུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ། མཛའ་མཐུན་མཉམ་ལས་ཀྱི་འབྲེལ་ཐག་སྔར་ལས་ཇེ་དམ་དུ་བཏང་ནས། ཚོང་དོན་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ། རྒྱུན་མཐུད་འཕེལ་རྒྱས། འཕྲོད་བསྟེན་བདེ་ཐང་། ཡུལ་སྐོར། སློབ་གསོ། མི་གཞུང་རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་དང་དེ་བཞིན་ཕྱོགས་མང་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་མཉམ་དུ་དར་རྒྱས་གོང་འཕེལ་ཡོང་བའི་དུས་རབས་གསར་པ་བསྐྲུན་འདོད་ཡོད་ཅེས་བསྟན།
ཝུའུ་ཀྲིན་ལུང་མཇལ་འཕྲད་ལ་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།