རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་ཚེས26ཉིན་པེ་ཅིང་དུ་ཀྲུང་གོར་མ་དངུལ་གཏོང་བའི་ཚབ་མཚོན་རང་བཞིན་གྱི་བྱེད་སྒོ་ཐོག་མར་ཞུགས་པ་དང་ཤིས་ཚིག་ཕུལ།
ཧན་ཀྲིན་གྱིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕྱི་དངུལ་བྱ་བར་ཚད་མཐོའི་མཐོང་ཆེན་གནང་བ་དང་ཐེངས་མང་པོར་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་པ་དང་། སྔར་ལས་ཤུགས་ཆེན་པོས་ཕྱི་དངུལ་བསྡུ་འགུག་དང་བེད་སྤྱོད་བྱས་ཏེ་འཛམ་གླིང་ཧྲིལ་བོར་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱས་ནས་དཔལ་འབྱོར་འཛམ་གླིང་ཅན་དེ་སྒོ་འབྱེད་དང་དཀྱེལ་ཡངས། ཀུན་ཕན། དོ་སྙོམས་བཅས་ཀྱི་འཕེལ་རྒྱས་ཁ་ཕྱོགས་སུ་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་གསུངས་མྱོང་།
ཧན་ཀྲིན་གྱིས་བསྟན་དོན། ཀྲུང་གོ་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ཚོགས་པ་ཆེན་པོ་གཉིས་པ་ཡིན་པའི་ཆ་ནས་ཡུན་རིང་འཕེལ་རྒྱས་ཁྲོད་བརྟན་འཇགས་ཀྱི་གཞི་རྩའི་ངོ་བོ་གྲུབ་པ་དང་སྔར་བཞིན་འཛམ་གླིང་ཧྲིལ་བོ་འཕེལ་རྒྱས་སུ་འགྲོ་བའི་ཆེས་ཆེ་བའི་སྒུལ་ཤུགས་ཡིན། ང་ཚོས་མུ་མཐུད་དུ་ཀྲུང་གོའི་དཔལ་འབྱོར་བརྟན་འཇགས་ངང་གོང་དུ་འཕེལ་བར་སྐུལ་འདེད་བཏང་ནས་རྒྱལ་ཁབ་སོ་སོའི་ཁེ་ལས་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱ་རྒྱུ་ཡིན། ཀྲུང་གོའི་ཚོང་རའི་སྦས་ཤུགས་རྒྱུན་མཐུད་ངང་བཏོན་ནས་ཕྱི་དངུལ་ཁེ་ལས་ལ་ཚོང་གཉེར་གྱི་གོ་སྐབས་སྔར་ལས་གང་མང་བསྐྲུན་རྒྱུ་ཡིན། ཐོན་ལས་མ་ལག་རྒྱུན་མཐུད་ངང་འཐུས་ཚང་དུ་བཏང་ནས་འཛམ་གླིང་དཔལ་འབྱོར་བརྟན་འཇགས་ངང་འཁོར་སྐྱོད་བྱེད་པར་འདེགས་སྐྱོར་གལ་ཆེན་འདོན་སྤྲོད་བྱ་རྒྱུ་ཡིན། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སྒྱུར་བྱས་ནས་ཕྱི་དངུལ་ཁེ་ལས་ལ་འགན་སྲུང་སྔར་ལས་བཟང་པོ་འདོན་སྤྲོད་བྱ་རྒྱུ་ཡིན། ཀྲུང་གོས་སྔར་བཞིན་རྒྱལ་ཁབ་སོ་སོའི་ཁེ་ལས་ལ་གོ་སྐབས་མཉམ་སྤྱོད་བྱས་ཏེ་མཉམ་དུ་འཕེལ་རྒྱས་ཕྱིན་ནས་སྒོ་འབྱེད་རང་བཞིན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་ཡིན།
ཧན་ཀྲིན་གྱིས་བསྟན་དོན། ཀྲུང་གོར་མ་དངུལ་གཏོང་བའི་ཚོང་རྟགས་བསྐྲུན་པ་ནི་ཀྲུང་གོས་སྤུས་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་པ་དང་རང་འགུལ་ངང་རྒྱལ་སྤྱིའི་འཁོར་སྐྱོད་ཆེན་མོའི་ཁྲོད་འདྲེས་པར་བྱ་བའི་བྱེད་ཐབས་གལ་ཆེན་ཡིན་ལ། དཔལ་འབྱོར་འཛམ་གླིང་ཅན་ལ་སྐུལ་འདེད་གཏོང་བ་དང་འཛམ་གླིང་ཧྲིལ་བོའི་ཐོན་ལས་ཕྲེང་འབྲེལ་དང་འདོན་སྤྲོད་ཕྲེང་འབྲེལ་གེགས་མེད་ཡོང་བའི་དངོས་ཡོད་འགུལ་སྐྱོད་ཡིན། ལྷག་བསམ་རྣམ་དག་གིས་སྔར་ལས་མང་བའི་ཕྱི་རྒྱལ་གྱི་ཁེ་ལས་ལས་རིགས་ཀྱི་གྲོགས་པོ་རྣམས་ཀྲུང་གོར་ཡོང་ནས་དངུལ་གཏོང་བྱེད་པར་དགའ་བསུ་ཞུས་པ་ཡིན། ཀྲུང་གོར་མ་དངུལ་གཏོང་བ་ནི་མ་འོངས་པར་དངུལ་གཏོང་བྱས་པ་ཡིན།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། པེ་ཅིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་དབྱིན་ལིས་བྱེད་སྒོར་ཞུགས་པ་དང་ཤིས་ཚིག་ཕུལ།
རྒྱལ་ཁབ་དང་ས་ཁུལ་བཅུ་བདུན་ནས་ཡོང་བའི་ཁེ་ལས་པ་དང་ཀྲུང་གོར་སྡོད་པའི་ཕྱི་རྒྱལ་གྱི་ཚོང་གཉེར་མཐུན་ཚོགས་ཀྱི་འཐུས་མི་སོགས་མི་བརྒྱ་དང་བཞི་བཅུ་ལྷག་བྱེད་སྒོར་ཞུགས། བྱེད་སྒོའི་ཡར་སྔོན་དུ་ཧན་ཀྲིན་གྱིས་རྒྱལ་ཁོངས་བརྒལ་བའི་ཀུང་སི་དང་ཕྱི་རྒྱལ་གྱི་ཚོང་གཉེར་མཐུན་ཚོགས་ཀྱི་འཐུས་མི་ཁ་ཤས་ལ་མཉམ་དུ་ཐུག་འཕྲད་བྱས། ཁོས་བསྟན་དོན། འདིར་བཞུགས་ཀྱི་ཁེ་ལས་དག་ཀྲུང་གོའི་ཚང་རར་རྩ་བ་ཚུགས་པ་དང་། ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་ཐད་བྱས་རྗེས་བཞག་ཡོད་ལ། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཕན་ཁེ་ལོངས་སུ་སྤྱོད་བཞིན་ཡོད། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་ནས་རྒྱུན་མཐུད་ངང་ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་གྱི་ཚོང་གཉེར་ཁོར་ཡུག་འཛུགས་སྐྱོང་བྱས་ནས་རྒྱལ་ཁབ་སོ་སོའི་ཁེ་ལས་ཀྲུང་གོ་ནས་འཕེལ་རྒྱས་སུ་འགྲོ་བར་ཆ་རྐྱེན་སྔར་ལས་བཟང་པོ་བསྐྲུན་རྒྱུ་ཡིན།
མི་ཕམ་མགོན་པོས་བསྒྱུར།