ཀྲའོ་ལི་ཅི་ཡིས་སོ་སོར་ནོ་རུའི་ཙུང་ཐུང་ཨ་ཏིས་ཨང་དང་སི་རི་ལན་ཁའི་ཙུང་ལི་ཀུའུ་ནཱ་ཝ་ཏི་ནཱ་གཉིས་དང་གྲོས་མོལ་མཛད།
2024.03.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟླ3པའི་ཚེས26ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་པེ་ཅིང་དུ་ནོ་རུའི་ཙུང་ཐུང་ཨ་ཏིས་ཨང་དང་གྲོས་མོལ་མཛད། 

ཟླ3པའི་ཚེས26ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་པེ་ཅིང་དུ་སི་རི་ལན་ཁའི་ཙུང་ལི་ཀུའུ་ནཱ་ཝ་ཏི་ནཱ་དང་གྲོས་མོལ་མཛད། 

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས26ཉིན་པེ་ཅིང་ནས་སོ་སོར་ནོ་རུའི་ཙུང་ཐུང་ཨ་ཏིས་ཨང་དང་སི་རི་ལན་ཁའི་ཙུང་ལི་ཀུའུ་ནཱ་ཝ་ཏི་ནཱ་གཉིས་དང་གྲོས་མོལ་མཛད།

ཨ་ཏིས་ཨང་དང་གྲོས་མོལ་མཛད་སྐབས་ཀྲའོ་ལི་ཅི་ཡིས་བསྟན་དོན། ཁ་སང་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཞབས་ཙུང་ཐུང་གཉིས་ཀྱིས་ལོ་རྒྱུས་རང་བཞིན་ལྡན་པའི་གྲོས་མོལ་མཛད་དེ། མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་ཇུས་གཞི་གསར་བ་བཀོད། ཀྲུང་གོ་ཕྱོགས་ཀྱིས་ནོ་རུ་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་བཀོད་པའི་ཐུན་མོང་ལྟ་ཚུལ་དངོས་འབེབས་བཟང་བོ་བྱེད་པ་དང་། ཆབ་སྲིད་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། དངོས་གཉེར་མཉམ་ལས་རྒྱ་བསྐྱེད་པ། མི་གཞུང་བརྗེ་རེས་ལ་ཤུགས་བསྣན་ཏེ་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་བདེ་བསྐྲུན་འདོད་ཡོད། ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཕྱོགས་ཡོངས་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་སྐུལ་འདེད་བཏང་སྟེ། ནོ་རུ་དང་བཅས་པའི་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོར་འཕེལ་རྒྱས་ཀྱི་གོ་སྐབས་གསར་བ་བསྐྲུན་རྒྱུ་ཡིན་པས། ནོ་རུ་ཀྲུང་གོའི་འཕེལ་རྒྱས་ཀྱི་མྱུར་འཁོར་དུ་འབུད་པར་དགའ་བསུ་ཞུ་བཞིན་ཡོད། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ནོ་རུའི་གྲོས་ཁང་གིས་རིམ་པ་སོ་སོའི་བརྗེ་རེས་ལ་ཤུགས་སྣོན་བྱེད་པ་དང་། ཕྱོགས་གཉིས་ཀྱི་མཉམ་ལས་ལ་ཕན་པའི་བཅའ་ཁྲིམས་ཡིག་ཆ་འཐུས་ཚང་དུ་གཏན་འབེབས་བྱས་ཏེ། བཅོས་བསྒྱུར་འཕེལ་རྒྱས་དང་ཁྲིམས་སྐྱོང་འཛུགས་སྐྲུན་སོགས་ཐད་ཀྱི་ཉམས་མྱོང་མཉམ་སྤྱོད་བྱེད་འདོད་ཡོད།

ཨ་ཏིས་ཨང་གིས་བསྟན་དོན། ཀྲུང་གོའི་བར་གྱི་འབྲེལ་བ་སླར་གསོ་བྱེད་པ་ནི་ནོ་རུ་སྲིད་གཞུང་དང་གྲོས་ཁང་གི་ཆབ་སྲིད་ཆོད་དོན་བརྟན་པོ་ཡིན་ལ། ནོ་རུ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་དང་། ཁྲིམས་འཛུགས་ལས་ཁུངས་ཀྱི་བརྗེ་རེས་ཇེ་ཟབ་ཏུ་བཏང་སྟེ། མི་དམངས་བར་གྱི་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་འདོད་ཡོད་ཟེར།

ཀུའུ་ནཱ་ཝ་ཏི་ནཱ་དང་གྲོས་མོལ་མཛད་སྐབས་ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུང་གོ་དང་སི་རི་ལན་ཁའི་བར་འབྲེལ་བ་བཞུགས་ནས་ལོ་ངོ་རེ་བདུན་འགོར་བའི་རིང་ལ། རྒྱལ་སྤྱིའི་གནས་ཚུལ་ལ་འགྱུར་ལྡོག་ཅི་འདྲ་བྱུང་ཡང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་བདེ་ཐང་ངང་འཕེལ་རྒྱས་སུ་སོང་ཡོད། ཀྲུང་གོ་ཕྱོགས་ཀྱིས་སི་རི་ལན་ཁའི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཆབ་སྲིད་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་མུ་མཐུད་དུ་ཕན་ཚུན་གྱི་ཁེ་ཕན་གཙོ་བོའི་གནད་དོན་ཐད་ནས་ཕན་ཚུན་རྒྱབ་སྐྱོར་བྱེད་པ་རྒྱུན་འཁྱོངས་དང་། སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཚམས་འཛུགས་བྱེད་པ། མི་གཞུང་ཁྱབ་ཁོངས་ཀྱི་བརྗེ་རེས་ཇེ་ཟབ་ཏུ་གཏོང་བ། ཀྲུང་གོ་དང་སི་རི་ལན་ཁའི་ལྷག་བསམ་རྣམ་དག་གི་རོགས་རེས་དང་དུས་རབས་མཛའ་མཐུན་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བར་གྲུབ་འབྲས་གསར་བ་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད། ཁྲིམས་འཛུགས་ལས་ཁུངས་ཀྱི་བརྗེ་རེས་མཉམ་ལས་ནི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ཕན་ཚུན་རྒྱུས་ལོན་དང་ཡིད་ཆེས་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་སི་རི་ལན་ཁའི་གྲོས་ཁང་བར་གྱི་རིམ་པ་སོ་སོའི་བརྗེ་རེས་ལ་ཤུགས་སྣོན་བྱེད་པ་དང་། ཕྱོགས་མང་རྐྱེན་སྲོལ་ཁྲོད་ཀྱི་མཐུན་སྦྱོར་རོགས་འདེགས་ཇེ་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་བཅའ་ཁྲིམས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་འདོད་ཡོད་ཟེར།

ཀུའུ་ནཱ་ཝ་ཏི་ནཱ་ཡིས་བསྟན་དོན། སི་རི་ལན་ཁ་ཕྱོགས་ཀྱིས་ཀྲུང་གོས་དུས་ཡུན་རིང་བོར་རྒྱབ་སྐྱོར་དང་རོགས་རམ་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལག་བསྟར་བྱེད་ལ། རྒྱུན་ཆད་མེད་པར་ཁྲིམས་འཛུགས་ལས་ཁུངས་ཀྱི་བརྗེ་རེས་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་ཇེ་ཟབ་ཏུ་བཏང་སྟེ། སི་རི་ལན་ཁ་དང་ཀྲུང་གོའི་མཛའ་མཐུན་ཐད་སྒུལ་ཤུགས་གསར་བ་སྣོན་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།