མཚོ་སྔོན་ཞིང་ཆེན་གྱི་གསར་འགྱུར་ལས་དོན་པའི་མཐུན་ཚོགས་ཀྱི་སྐབས་བརྒྱད་པའི་ལས་འཛིན་ལྷན་ཚོགས་ཀྱི་འཐུས་མིའི་ཚོགས་ཆེན་བསྡུས།
2024.03.27 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 31

ཟླ3པའི་ཚེས26ཉིན། མཚོ་སྔོན་ཞིང་ཆེན་གསར་འགྱུར་ལས་དོན་པའི་མཐུན་ཚོགས་ཀྱི་སྐབས་བརྒྱད་པའི་ལས་འཛིན་ལྷན་ཚོགས་ཀྱི་འཐུས་མིའི་ཚོགས་ཆེན་བསྡུས། ཚོགས་ཆེན་སྟེང་མཚོ་སྔོན་ཞིང་ཆེན་གསར་འགྱུར་ལས་དོན་པའི་མཐུན་ཚོགས་ཀྱི་སྐབས་བདུན་པའི་ལས་འཛིན་ལྷན་ཚོགས་ཀྱི་འཐུས་མིའི་ཚོགས་ཆེན་ཚུན་གྱི་བྱ་བར་ཕྱོགས་བསྡོམས་ནན་མོ་བྱས་པ་དང་། རྗེས་ཕྱོགས་ཀྱི་ལོ་ལྔའི་བྱ་བ་གཙོ་བོ་བཀོད་སྒྲིག་བྱས། ཀྲུང་ཧྭའི་རྒྱལ་ཡོངས་གསར་འགྱུར་ལས་དོན་པའི་མཐུན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝུའུ་ཅིན་གྲོས་ཚོགས་ལ་ཞུགས་པར་མ་ཟད་ཤིས་ཚིག་ཕུལ། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཝང་ཏ་ནན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

གྲོས་ཚོགས་སྟེང་། ཞིང་ཆེན་ཡོངས་ཀྱི་གསར་འགྱུར་འཐབ་ཕྱོགས་ཀྱིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ལས་འགན་དང་འགན་འཁྲི་ཕྲག་ཏུ་འཁུར་བ། ཞིང་ཆེན་ཡོངས་ཀྱི་བྱ་བའི་ཁྱོན་ཡོངས་དང་དོན་ཆེན་ལ་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཞུས་ཏེ། ཏང་གི་གསར་གཏོད་གཞུང་ལུགས་དྲིལ་སྒྲོག་ཐད་ནས་སྟོབས་ཤུགས་གཅིག་སྡུད་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དྲིལ་སྒྲོག་ཐད་ནས་སྟོབས་ཤུགས་གཅིག་སྡུད་བྱེད་པ། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་དྲིལ་སྒྲོག་ཐད་ནས་སྟོབས་ཤུགས་གཅིག་སྡུད་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་སྒྲོག་ཐད་ནས་སྟོབས་ཤུགས་གཅིག་སྡུད་བྱེད་པ། སྤྱོད་ཚུལ་སྒྱུར་བཅོས་དྲིལ་སྒྲོག་ཐད་ནས་སྟོབས་ཤུགས་གཅིག་སྡུད་བྱེད་པ་དང་། མཚོ་སྔོན་གྱི་རིག་གནས་དྲིལ་སྒྲོག་ཐད་ནས་སྟོབས་ཤུགས་གཅིག་སྡུད་བྱེད་དགོས། བདེན་སྲུང་གསར་གཏོད་རྒྱུན་འཁྱོངས་བྱེད་པ་དང་། གཞི་རིམ་ལ་ཟབ་ཞུགས་བྱས་ཏེ། གསར་འགྱུར་དྲིལ་སྒྲོག་གི་ཁྱབ་སྤེལ་ནུས་པ་དང་ཤུགས་རྐྱེན་ཐེབས་ཚད་ཇེ་མཐོར་གཏོང་བ་དང་། སྟོབས་ཤུགས་གཙོ་བོ་གཡུལ་ས་གཙོ་བོར་ཞུགས་པར་སྐུལ་འདེད་གཏོང་བ། གསར་འགྱུར་དྲིལ་སྒྲོག་ཇུས་འགོད་ལ་ཤུགས་བསྣན་ནས། གསལ་འགྲེལ་རྣམ་པ་གསར་གཏོད་བྱེད་དགོས།  ཞིང་ཆེན་ཡོངས་ཀྱི་གསར་འགྱུར་དྲིལ་སྒྲོག་འཐབ་ཕྱོགས་ཀྱིས་ཞིང་ཆེན་ཏང་ཨུའི་ལས་བྱེད་པས་སྒྲུབ་དགོས་པ་དང་། བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པའི་བླང་བྱ་ལྟར། མཚོ་སྔོན་ལ་རྒྱུས་ལོན་པའི་ཡིད་ཆེས་དང་མཚོ་སྔོན་ལ་དགའ་བའི་བརྩེ་སེམས། མཚོ་སྔོན་དྲིལ་སྒྲོག་བཟང་པོ་བྱེད་པའི་ཆོད་སེམས་བཅས་ཀྱིས་མཚོ་སྔོན་གྱི་གཏམ་རྒྱུད་ལེགས་པོར་བཤད་པ་དང་། མཚོ་སྔོན་གྱི་སེམས་སྒྲ་བརྒྱུད་སྒྲོག་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བའི་འཛུགས་སྐྲུན་ལ་གླེང་ཕྱོགས་ཀྱི་རྒྱབ་སྐྱོར་ནུས་ལྡན་འདོན་སྤྲོད་བྱེད་དགོས་པའི་བླང་བྱ་བཏོན།

གྲོས་ཚོགས་སྟེང་མཚོ་སྔོན་ཞིང་ཆེན་གསར་འགྱུར་ལས་དོན་པའི་མཐུན་ཚོགས་སྐབས་བདུན་པའི་ལས་འཛིན་ལྷན་ཚོགས་རྒྱུན་ལས་ལས་འཛིན་ལྷན་ཚོགས་ཀྱི་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས་པར་མ་ཟད་གྲོས་འཆམ་བྱུང་བ་དང་། མཚོ་སྔོན་ཞིང་ཆེན་གསར་འགྱུར་ལས་དོན་པའི་མཐུན་ཚོགས་ཀྱི་སྒྲིག་ཡིག་བཟོ་བཅོས་བྱས་ཤིང་། སྐབས་གསར་བའི་ལས་འཛིན་ལྷན་ཚོགས་དང་དེའི་འགོ་ཁྲིད་ལས་ཁུངས་བདམས།

ལྷ་མོ་འཚོས་བསྒྱུར།