ལིས་ཆང་གིས་སི་རི་ལན་ཁའི་ཙུང་ལི་ཀུའུ་ནཱ་ཝ་ཏི་ནཱ་དང་གྲོས་མོལ་གནང་།
2024.03.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 90

ཟླ3པའི་ཚེས26ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་འཚམས་འདྲིར་ཡོང་བའི་སི་རི་ལན་ཁའི་ཙུང་ལི་ཀུའུ་ནཱ་ཝ་ཏི་ནཱ་དང་གྲོས་མོལ་གནང་།

ཟླ3པའི་ཚེས25ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་འཚམས་འདྲིར་ཡོང་བའི་སི་རི་ལན་ཁའི་ཙུང་ལི་ཀུའུ་ནཱ་ཝ་ཏི་ནཱ་དང་གྲོས་མོལ་གནང་། གྲོས་མོལ་གྱི་སྔོན་དུ་ལིས་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ་ཀུའུ་ནཱ་ཝ་ཏི་ནཱ་ལ་དགའ་བསུའི་མཛད་སྒོ་སྤེལ།

ལིས་ཆང་གིས་ཀྲུང་གོ་དང་སི་རི་ལན་ཁ་གཉིས་ནི་ལྷག་བསམ་རྣམ་དག་གིས་ཕན་ཚུན་རོགས་རེས་བྱེད་པ་དང་མི་རབས་ནས་མི་རབས་བར་མཛལ་བརྩེ་ལྡན་པའི་འཐབ་ཇུས་མཉམ་ལས་ཀྱི་ཟླ་གྲོགས་ཡིན། འབྲེལ་བ་བཙུགས་པའི་ལོ་རེ་བདུན་གྱི་རིང་དུ། རྒྱལ་ཁབ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་བཀུར་དང་འདྲ་མཉམ་གཉིས་ཕན་བྱས་ཤིང་། སྐྱིད་སྡུག་མཉམ་མྱོང་དང་ཕན་ཚུན་རོགས་རེས་ཀྱི་སྲོལ་རྒྱུན་བཟང་པོ་ཆགས་ཡོད། ན་ནིང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ཝེ་ཁི་ལཱ་མཱ་ཞིན་ཧ་དང་གྲོས་མོལ་མཛད་དེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་འགྲོ་བའི་ཐད་ཇུས་འགོད་གནང་ཡོད། ཀྲུང་གོ་ཕྱོགས་ཀྱིས་སི་རི་ལན་ཁ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་ངོས་འཛིན་དངོས་འབེབས་གང་ལེགས་བྱེད་པ་དང་། སྲོལ་རྒྱུན་གྱི་མཛའ་བརྩེ་རྒྱུན་སྲིང་དང་ཆབ་སྲིད་ཡིད་ཆེས་སྲ་བརྟན་དུ་གཏོང་བ། ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་རྒྱ་བསྐྱེད་ནས་ཀྲུང་གོ་དང་སི་རི་ལན་ཁའི་མཛའ་མཐུན་ལྗོན་པའི་རྩ་བ་བརྟན་ཞིང་གཡུ་ལོ་རབ་ཏུ་རྒྱས་པར་བྱེད་པ་དང་། གཉིས་ཕན་མཉམ་ལས་ཐད་གྲུབ་འབྲས་གང་མང་ལེན་པར་མ་ཟད་མི་གཞུང་བརྗེ་རེས་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ་ཐུན་མོང་འཕེལ་རྒྱས་ལ་སྔར་ལས་ལྷག་པའི་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

ལིས་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་སི་རི་ལན་ཁས་རྒྱལ་ཁབ་ཀྱི་མཐུན་སྒྲིལ་བརྟན་འཇགས་དང་དཔལ་འབྱོར་རང་བདག་འཕེལ་རྒྱས་མངོན་འགྱུར་བྱེད་ཆེད་འབད་པ་བྱེད་པར་རྒྱབ་སྐྱོར་བརྟན་པོ་བྱེད་ངེས་ཡིན་ལ། སི་རི་ལན་ཁ་ཕྱོགས་དང་མཉམ་དུ་རྒྱུད་གཅིག་ལམ་གཅིག་སྒྲོམ་གཞིའི་འོག་རྣམ་གྲངས་གལ་ཆེན་ལག་བསྟར་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། ཚོང་གཉེར་དང་ཞིང་ལས། རྒྱ་མཚོའི་ཚན་རིག་ཞིབ་འཇུག་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་།  དག་གཙང་ནུས་ཁུངས་དང་ཆ་འཕྲིན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྔོག་འདོན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་སྤུས་འདེགས་རིམ་སྤོར་ཐད་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་སྔར་ལས་མང་པོས་སི་རི་ལན་ཁ་རུ་དངུལ་གཏོང་ལས་སྤེལ་བྱེད་པར་སྐུལ་མ་གཏོང་བར་མ་ཟད། སི་རི་ལན་ཁའི་སྤུས་ལེགས་ཐོན་རྫས་ནང་འདྲེན་བྱེད་པར་ཤུགས་སྣོན་འདོད་ཡོད་ལ། སི་རི་ལན་ཁ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ལ་ཚོང་གཉེར་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་པའི་རེ་བ་བྱེད་བཞིན་ཡོད། ཕྱོགས་གཉིས་ཀྱིས་རིག་གནས་དང་ཡུལ་སྐོར། སློབ་གསོ་སོགས་མི་གཞུང་བརྗེ་རེས་ལ་ཤུགས་བསྣན་ནས་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་གྱི་གཞི་རྩ་སྲ་བརྟན་དུ་གཏོང་དགོས།

ཀུའུ་ནཱ་ཝ་ཏི་ནཱ་ཡིས་བསྟན་དོན། སི་རི་ལན་ཁ་ནི་ཀྲུང་གོས་བློ་གཏད་ཆོག་པའི་ཟླ་གྲོགས་བཟང་པོ་ཡིན། སི་རི་ལན་ཁས་ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་བོར་སི་རི་ལན་ཁའི་རྒྱལ་ཁབ་བདག་དབང་དང་རང་ཚུགས། མངའ་ཁོངས་ཆ་ཚང་བར་རྒྱབ་སྐྱོར་བྱས་པ་དང་། སི་རི་ལན་ཁའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ནུས་ལྡན་གྱི་རོགས་རམ་བྱས་ཤིང་། སི་རི་ལན་ཁས་པྲོག་གསར་རིམས་ནད་དང་དངུལ་རྩའི་བུ་ལོན་ཉེན་ཁར་ཁ་གཏད་འཇལ་བར་རྒྱབ་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད། སི་རི་ལན་ཁ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་གྲོས་འགོ་དང་འཛམ་གླིང་ཧྲིལ་བོའི་གྲོས་འགོ་རབ་དང་རིམ་བཏོན་པར་ཚད་མཐོའི་གདེང་འཇོག་བྱེད་པ་དང་། དུས་དང་རྣམ་པ་ཀུན་ཏུ་ཀྲུང་གོ་གཅིག་གི་རྩ་དོན་བརྟན་སྲུང་བྱས་ཏེ། ཀྲུང་གོའི་བར་གྱི་མཛའ་མཐུན་མཉམ་ལས་སྲིད་ཇུས་ལག་བསྟར་དང་དེར་མུ་མཐུད་དུ་ཤུགས་སྣོན་རྒྱུ་ཡིན། ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ་དང་། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། མི་ཆོས་བརྗེ་རེས་ཇེ་ཟབ་ཏུ་གཏོང་བ་དང་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།  ས་ཁུལ་ཞི་བདེ་བརྟན་འཇགས་ལ་སྐུལ་འདེད་གཏོང་རྒྱུ་སོགས་ལ་འཐད་པ་ཡིན་ཟེར།

བཞུགས་མོལ་བྱས་རྗེས། རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཡིས་ཉོ་ཚོང་དང་དངུལ་གཏོང་། མཚོ་འགག  འཕེལ་རྒྱས་མཉམ་ལས་སོགས་རྣམ་གྲངས་མང་པོའི་མཉམ་ལས་ཡིག་ཆ་བཀོད་པར་བདེན་དཔང་གནང་།

བཞུགས་མོལ་གྱི་སྔོན་ལ། ལིས་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ་ཀུའུ་ནཱ་ཝ་ཏི་ནཱ་ལ་དགའ་བསུའི་མཛད་སྒོ་བསྡུས།

ཝུའུ་ཀྲིན་ལུང་གོང་གི་བྱེད་སྒོར་ཞུགས།

ཉིན་དེའི་ཕྱི་དྲོར། ཀུའུ་ནཱ་ཝ་ཏི་ནཱ་ཡིས་མི་དམངས་དཔའ་བོའི་རྗེས་དྲན་རྡོ་རིང་མདུན་དུ་མེ་ཏོག་ཕྲེང་བ་ཕུལ།

རིག་འཛིན་སྒྲོལ་མས་བསྒྱུར།