ལིས་ཆང་གིས་ཧོ་ལན་གྱི་དབུ་བཞུགས་བློན་ཆེན་ལོའུ་ཐི་དང་གྲོས་མོལ་མཛད།
2024.03.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ3པའི་ཚེས27ཉིན་གྱི་ཕྱི་དྲོར་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་ནས་ཀྲུང་གོར་བྱ་བའི་འཚམས་འདྲི་བྱེད་དུ་ཡོང་བའི་ཧོ་ལན་གྱི་དབུ་བཞུགས་བློན་ཆེན་ལོའུ་ཐི་དང་གྲོས་མོལ་མཛད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ3པའི་ཚེས27ཉིན་གྱི་ཕྱི་དྲོར་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་ནས་ཀྲུང་གོར་བྱ་བའི་འཚམས་འདྲི་བྱེད་དུ་ཡོང་བའི་ཧོ་ལན་གྱི་དབུ་བཞུགས་བློན་ཆེན་ལོའུ་ཐི་དང་གྲོས་མོལ་མཛད།

ལིས་ཆང་གིས་བསྟན་དོན། ལོ74སྔོན་གྱི་དེ་རིང་ཧོ་ལན་གྱིས་ཀྲུང་གོ་གསར་པ་ཁས་ལེན་བྱ་རྒྱུ་ཁྱབ་བསྒྲགས་བྱས་པ་དང་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཐད་ཡོ་རོབ་རྒྱལ་ཁབ་ཀྱི་མདུན་གྲལ་དུ་སླེབས་ཡོད། ལོ70ལྷག་གི་རིང་ལ་ཀྲུང་གོ་དང་ཧོ་ལན་གྱི་འབྲེལ་བ་འཕེལ་རྒྱས་མགྱོགས་པོ་བྱུང་ཡོད། ལྷག་པར་དུ2014ལོར་རྒྱལ་ཁབ་གཉིས་ཀྱིས་སྒོ་འབྱེད་དངོས་གཉེར་གྱི་ཁྱོན་ཡོངས་ཀྱི་མཉམ་ལས་གྲོགས་པོའི་འབྲེལ་བ་བཙུགས་པ་ནས་བཟུང་ཀྲུང་གོ་དང་ཧོ་ལན་གྱི་འབྲེལ་བར་འཕེལ་རྒྱས་མགྱོགས་པོ་བྱུང་བར་མ་ཟད། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་ཕན་འབྲས་ངོ་མ་བླངས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དངོས་གཉེར་གྱི་ཕན་ཁེ་བསྐྲུན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དེ་རིང་དབུ་བཞུགས་བློན་ཆེན་དང་ཐུག་འཕྲད་གནང་ནས་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་བ་དེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་འགྲོ་རྒྱུར་ཁ་ཕྱོགས་གསལ་སྟོན་བྱས་ཡོད།  ཀྲུང་གོ་ཕྱོགས་ཀྱིས་ཧོ་ལན་ཕྱོགས་དང་མཉམ་དུ་སྒོ་འབྱེད་དངོས་གཉེར་གྱི་མཉམ་ལས་སྙིང་སྟོབས་མུ་མཐུད་དུ་དར་སྤེལ་བཏང་སྟེ་ཕྱོགས་གཉིས་ཀྱི་འབྲེལ་བ་བརྟན་འཇགས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་གཉིས་ཕན་མཉམ་རྒྱལ་གྱི་གྲུབ་འབྲས་སྔར་ལས་མང་པོ་ལེན་འདོད་ཡོད་ཅེས་བསྟན།

ལིས་ཆང་གིས་བསྟན་དོན། དེང་སྐབས་ཀྱི་འཛམ་གླིང་ནི་ཟང་ཟིང་དུ་འགྱུར་བཞིན་པ་དང་སྲུང་སྐྱོབ་རིང་ལུགས་དང་འཇམ་འཐབ་ཀྱི་བསམ་གཞིགས་བསྐྱར་དུ་འཕེལ་བཞིན་ཡོད་པས། རྒྱལ་སྤྱིའི་འབྲེལ་བ་དང་རྒྱལ་སྤྱིའི་དཔལ་འབྱོར་ལ་གནོད་པ་ཚབས་ཆེན་བཟོ་བཞིན་ཡོད། ཀྲུང་གོ་དང་ཧོ་ལན་རྒྱལ་ཁབ་གཉིས་ཀྱིས་རང་མོས་ཚོང་དོན་རྒྱུན་འཁྱོངས་བྱེད་པར་མུ་མཐུད་དུ་ཕན་ཚུན་གྱི་སྒོ་མོ་འབྱེད་རྒྱ་ཇེ་ཆེར་བཏང་ནས་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་དགོས། དེ་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཇེ་བརྟན་དང་གཏིང་ཟབ་ཏུ་གཏོང་རྒྱུར་ཕན་པ་ཡོད་པར་མ་ཟད། ཕྱོགས་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ལ་འཛམ་གླིང་གི་བརྟན་འཇགས་རང་བཞིན་དང་གཏན་འཁེལ་རང་བཞིན་སྔར་ལས་སྲ་བརྟན་དུ་གཏོང་ཐུབ། ཕྱོགས་གཉིས་ཀྱིས་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་གཞི་ཁྱོན་མུ་མཐུད་དུ་ཇེ་ཆེར་བཏང་ནས་མིས་བཟོས་རིག་ནུས་དང་། ལྗང་མདོག་གཞན་སྒྱུར། ལོ་ལོན་དམིགས་བྱ་ཡིན་པའི་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱི་སྦས་ཤུགས་སྔོག་འདོན་བྱེད་པ་དང་། མཚོ་ཐོག་རླུང་གློག་དང་འོད་ཤུགས་གློག་འདོན། ཆིན་ནུས་སོགས་ཁྱབ་ཁོངས་ཀྱི་གསར་གཏོད་མཉམ་ལས་ལ་ཤུགས་བསྣན་ནས་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་ལ་སྔར་ལས་ཆེ་བའི་སྒུལ་ཤུགས་མཁོ་འདོན་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་མུ་མཐུད་དུ་བསྐྲུན་རྒྱུ་དང་ཧོ་ལན་གྱི་ཁེ་ལས་སྔར་ལས་མང་བོས་ཀྲུང་གོར་མ་དངུལ་གཏོང་བར་ཡོང་རྒྱུར་དགའ་བསུ་ཞུ་བཞིན་ཡོད། ང་ཚོས་ཀྱང་ཀྲུང་གོའི་ཁེ་ལས་སྔར་ལས་མང་བོས་ཧོ་ལན་དུ་མ་དངུལ་གཏོང་བ་དང་འཕེལ་རྒྱས་གཏོང་རྒྱུར་སྐུལ་མ་གཏོང་གིན་ཡོད་ལ། ཧོ་ལན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་མི་སྣ་ཧོ་ལན་དུ་བསྐྱོད་རྒྱུར་སྔར་ལས་སྟབས་བདེ་བསྐྲུན་རྒྱུའི་རེ་བ་ཡོད་ཅེས་བསྟན།

ལིས་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་མཉམ་ལས་ནི་ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བའི་གཙོ་རྒྱུན་ཞིག་ཡིན་དགོས་པ་དང་རོགས་ཟླ་ནི་ཕྱོགས་གཉིས་ཀྱིས་ཕན་ཚུན་བར་གྱི་གནས་ཐིག་གཏན་འཁེལ་ཡང་དག་ཅིག་ཡིན་པའི་ངོས་འཛིན་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་ཕྱོགས་ལ་ཀྲུང་གོའི་གཞི་ཁྱོན་ཤིན་ཏུ་ཆེ་བའི་ཁྲོམ་རའི་གོ་སྐབས་ལོངས་སྤྱོད་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་དང་ཡོ་རོབ་ཕྱོགས་ཀྱིས་ཚོད་འཛིན་རང་བཞིན་གྱི་དཔལ་འབྱོར་ཚོང་དོན་སྲིད་ཇུས་དང་བེད་སྤྱོད་ཚོང་དོན་རྒུད་སྐྱོབ་ཀྱི་བྱེད་ཐབས་གཟབ་ནན་ངང་འདོན་རྒྱུའི་རེ་བ་ཡོད།  ཀྲུང་གོ་ཕྱོགས་ཀྱིས་ཧོ་ལན་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་རྒྱུན་མཐུད་དང་སྐྱོན་བྲལ། བརྟན་འཇགས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

ལོའུ་ཐི་ཡིས་བསྟན་དོན། དུས་ཡུན་རིང་པོར་ཧོ་ལན་དང་ཀྲུང་གོའི་སྒོ་འབྱེད་དངོས་གཉེར་གྱི་ཁྱོན་ཡོངས་ཀྱི་མཉམ་ལས་གྲོགས་པོའི་འབྲེལ་བར་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། ཧོ་ལན་ཕྱོགས་ཀྱིས་ཧོ་ལན་དང་ཀྲུང་གོའི་མཛའ་མཐུན་ལ་མཐོང་ཆེན་བྱས་ནས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོ་ཕྱོགས་དང་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་པ་དང་། གཉིས་ཕན་མཉམ་ལས་བྱེད་རྒྱ་ཇེ་ཆེར་གཏོང་བ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་བརྗེ་རེས་གཏིང་ཟབ་ཏུ་གཏོང་བ། གནམ་གཤིས་འགྱུར་ལྡོག་སོགས་འཛམ་གླིང་རང་བཞིན་གྱི་འགྲན་སློང་ལ་མཉམ་དུ་ཁ་གཏད་འཇལ་བ་བཅས་བྱས་ཏེ། ཧོ་ལན་དང་ཀྲུང་གོ་དང་ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཝུའུ་ཀྲིན་ལུང་གྲོས་མོལ་ལ་ཞུགས།