ལིས་ཆང་གིས་འཇར་མན་གྱི་པ་ཧྥ་ལི་ཡ་མངའ་སྡེའི་འགོ་གཙོ་སོ་ཏི་ཨར་ལ་མཇལ་འཕྲད་གནང་།
2024.03.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ3པའི་ཚེས27ཉིན་གྱི་ཕྱི་དྲོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་འཇར་མན་གྱི་པ་ཧྥ་ལི་ཡ་མངའ་སྡེའི་འགོ་གཙོ་སོ་ཏི་ཨར་ལ་མཇལ་འཕྲད་གནང་།

ལིས་ཆང་གིས་བསྟན་དོན། ས་གནས་ཀྱི་མཉམ་ལས་ནི་ཀྲུང་གོ་དང་འཇར་མན་གྱི་འབྲེལ་བའི་རྨང་གཞི་གལ་ཆེན་ཞིག་ཡིན་ལ་གསོན་ཤུགས་ཀྱི་འབྱུང་ཁུངས་ཤིག་ཀྱང་ཡིན། ཀྲུང་གོ་ཕྱོགས་ཀྱིས་པ་ཧྥ་ལི་ཡ་མངའ་སྡེས་ཀྲུང་གོ་དང་འཇར་མན་གྱི་འབྲེལ་བའི་དམིགས་བསལ་ནུས་པར་མཐོང་ཆེན་བྱས་ནས་པ་ཧྥ་ལི་ཡ་མངའ་སྡེ་དང་མཉམ་དུ་སྒོ་འབྱེད་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད། པ་ཧྥ་ལི་ཡ་མངའ་སྡེས་ཀྲུང་གོ་དང་འཇར་མན་གྱི་ཁྱོན་ཡོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་མུ་མཐུད་དུ་འདོན་སྤེལ་བྱེད་པ་དང་། ལྷག་པར་དུ་གཉིས་ཕན་མཉམ་རྒྱལ་དང་གསར་གཏོད་མཉམ་ལས་ལ་ཤུགས་སྣོན་པ། མི་གཞུང་རིག་གནས་བརྗེ་རེས་གཏིང་ཟབ་ཏུ་གཏོང་བ་སོགས་ཀྱི་ཐད་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཀྲུང་གོ་དང་འཇར་མན་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་གསར་པ་སྣོན་རྒྱུར་རེ་བ་བྱེད་བཞིན་ཡོད་ཅེས་བསྟན།

ལིས་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་པ་ཧྥ་ལི་ཡ་མངའ་སྡེ་དང་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་སྔར་ལས་ཤུགས་སྣོན་པ་དང་། དེ་ནི་ཕྱོགས་གཉིས་ཀྱི་མཉམ་ལས་ཀྱི་རྨང་རྡོ་ལྟ་བུར་བརྩི་བཞིན་ཡོད་ལ། གློག་སྒུལ་རླངས་འཁོར་དང་ནུས་རྒྱུ་གཙང་མ། སྐྱེ་དངོས་སྨན་བཟོ། མིས་བཟོས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ཏེ་རིག་གནས་དང་སློབ་གསོ། ལུས་རྩལ། ན་གཞོན་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་གཏིང་ཟབ་ཏུ་བཏང་ནས་ཕྱོགས་གཉིས་ཀྱི་གཉིས་ཕན་མཉམ་ལས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།  ཀྲུང་གོ་ཕྱོགས་ཀྱིས་ཁྲོམ་རའི་ཆོག་འཐུས་མུ་མཐུད་དུ་རྒྱ་ཆེར་གཏོང་རྒྱུ་དང་། ཕྱི་རྒྱལ་གྱིས་མ་དངུལ་བཞག་པའི་ཁེ་ལས་ཀྱི་རྒྱལ་དམངས་ཐོབ་ཐང་དོན་འཁྱོལ་ཡག་པོ་བྱེད་རྒྱུ། གཞི་གྲངས་ས་མཚམས་བརྒལ་ནས་འཁོར་སྐྱོད་བྱེད་པ་སོགས་ཀྱི་གནད་དོན་ཐག་གཅོད་ནན་ཏན་བྱས་ཏེ། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་བསྐྲུན་ནས་པ་ཧྥ་ལི་ཡ་མངའ་སྡེ་དང་བཅས་པའི་འཇར་མན་གྱི་ཁེ་ལས་ཀྲུང་གོར་མ་དངུལ་གཏོང་བར་ཡོང་རྒྱུར་རྒྱབ་སྐྱོར་དང་སྟབས་བདེ་སྔར་ལས་མང་པོ་བསྐྲུན་རྒྱུ་ཡིན། པ་ཧྥ་ལི་ཡ་མངའ་སྡེས་ཀྲུང་གོའི་ཁེ་ལས་ལ་འདྲ་མཉམ་དང་དྲང་བདེན། མཐོང་ཆུང་མི་བྱེད་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་ཅིག་བསྐྲུན་དགོས་ཞེས་བསྟན།

སོ་ཏི་ཨར་གྱིས་པ་ཧྥ་ལི་ཡ་མངའ་སྡེས་ཀྲུང་གོ་དང་མཉམ་ལས་ཀྱི་འབྲེལ་བ་ཟབ་མོ་བཙུགས་ཡོད། པ་ཧྥ་ལི་ཡ་མངའ་སྡེས“འབྲེལ་ཐག་གཅོད་པར”ངོ་རྒོལ་བྱས་ནས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཞིང་ལས་དང་ཚན་རྩལ། མི་གཞུང་རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་མུ་མཐུད་དུ་སྐུལ་འདེད་བཏང་སྟེ། ཕྱོགས་གཉིས་ཀྱི་ཐུན་མོང་གི་ཁེ་ཕན་རྒྱ་ཆེར་བཏང་ནས་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་འདོད་ཡོད་ཅེས་བསྟན།

ཝུའུ་ཀྲིན་ལུང་མཇལ་འཕྲད་ལ་ཞུགས།