ཞི་ཅིན་ཕིང་གིས་ཧོ་ལན་གྱི་དབུ་བཞུགས་བློན་ཆེན་ལོའུ་ཐི་ལ་མཇལ་འཕྲད་གནང་།
2024.03.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

ཟླ3པའི་ཚེས27ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཧོ་ལན་གྱི་དབུ་བཞུགས་བློན་ཆེན་ལོའུ་ཐི་ལ་མཇལ་འཕྲད་གནང་།

ཟླ3པའི་ཚེས27ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཧོ་ལན་གྱི་དབུ་བཞུགས་བློན་ཆེན་ལོའུ་ཐི་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་ཉེ་བའི་ལོ་འདི་དག་གི་རིང་ལ། ཀྲུང་གོ་དང་ཧོ་ལན་གྱི་འབྲེལ་བ་བརྟན་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་ཕྱིན་པ་དང་། རྒྱལ་ཁབ་གཉིས་ཀའི་ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་ཕྱིན་ནས། ཧོ་ལན་འདི་ཉིད་མིང་དོན་མཚུངས་པའི་ཀྲུང་གོ་དང་ཡོ་རོབ་མཉམ་ལས་ཀྱི“སྒོ་མོ་རུ”གྱུར་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧོ་ལན་ཕྱོགས་དང་མཉམ་དུ། རིམ་པ་སོ་སོའི་འགྲོ་འོང་རྒྱུན་འཁྱོངས་བྱེད་རྒྱུ་དང་། ཕན་ཚུན་འབྲེལ་གཏུག་དང་གྲོས་མོལ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ། གཉིས་ཕན་གཉིས་རྒྱལ་རྒྱུན་འཁྱོངས་བཅས་བྱས་ཏེ། ཀྲུང་གོ་དང་ཧོ་ལན་རྒྱལ་ཁབ་གཉིས་ཀའི་སྒོ་འབྱེད་དངོས་གཉེར་གྱི་ཕྱོགས་ཡོངས་ཀྱི་མཉམ་ལས་རོགས་རེས་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།  ཀྲུང་གོ་ཕྱོགས་ཀྱིས་ཧོ་ལན་གྱི་སྤུས་ལེགས་ཚོང་ཟོག་ནང་འདྲེན་བྱེད་རྒྱ་ཇེ་ཆེར་གཏོང་འདོད་ཡོད་ལ། ཧོ་ལན་གྱི་ཁེ་ལས་ཀྲུང་གོ་རུ་ཡོང་ནས་མ་དངུལ་གཏོང་བར་དགའ་བསུ་ཞུ་རྒྱུ་ཡིན། ཧོ་ལན་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ལ་དྲང་གཞག་དང་མིང་དོན་མཚུངས་པའི་ཚོང་གཉེར་ཁོར་ཡུག་བསྐྲུན་རྒྱུའི་རེ་བ་བྱེད་བཞིན་ཡོད། ཕྱོགས་གཉིས་ཀས་ཞིང་ལས་དང་ཆུ་བེད། ནུས་ཁུངས་སོགས་སྲོལ་རྒྱུན་གྱི་མཉམ་ལས་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་རྒྱུ་དང་། མིས་བཟོས་རིག་ནུས་དང་ལྗང་མདོག་ཚུལ་སྒྱུར། ལོ་ལོན་དམིགས་བྱ་ཡིན་པའི་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱི་སྦས་ཤུགས་སྔོག་འདོན་བྱེད་དགོས། ཕྱོགས་གཉིས་ཀས་མུ་མཐུད་སྔར་ལས་སྟབས་བདེ་ཅན་གྱི་མི་སྣ་འགྲོ་འོང་བྱེད་ཐབས་སྤྱད་དེ། སློབ་གསོ་དང་རིག་གནས། དམངས་ཁྲོད་ཀྱི་བརྗེ་རེས་བཅས་ལ་སྐུལ་མ་གཏོང་རྒྱུའི་རེ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧོ་ལན་ཕྱོགས་དང་མཉམ་དུ། མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་ཚོང་དོན་རྩ་འཛུགས་སོགས་ཕྱོགས་མང་སྒྲིག་གཞིའི་བར་གྱི་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་བསྣན་ནས། གནམ་གཤིས་འགྱུར་ལྡོག་དང་སྐྱེ་དངོས་སྣ་མང་རང་བཞིན་སོགས་འཛམ་གླིང་ཧྲིལ་པོའི་འགྲན་སློང་ལ་མཉམ་དུ་ཁ་གཏད་འཇལ་འདོད་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་དཔལ་འབྱོར་འཛམ་གླིང་ཅན་ལ་འགྱུར་རྒྱུ་དེ་ལྡོག་ཕྱོགས་ཀྱི་གནས་སྟངས་ལ་འཕྲད་སྲིད་མོད། ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོར་འགྱུར་ལྡོག་འགྲོ་མི་སྲིད་ལ། “འབྲེལ་ཐག་གཅོད་པའི”ཐད་མདུན་ལམ་གང་ཡང་ཡོད་མི་སྲིད། སྒོ་འབྱེད་མཉམ་ལས་ནི་གདམ་ག་གཅིག་པུ་དེ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཁྱོད་ཕམ་ང་རྒྱལ་དང་ནག་པོ་མིན་ན་དཀར་པོ་ཡིན་དགོས་པའི་ཁ་གཏད་དུ་ལངས་པའི་མནོ་བསམ་གཏོང་སྟངས་དེ་དུས་ལས་ཡོལ་ཟིན་ཞིང་། བདེ་འཇགས་ངོ་མ་ཡིན་པའི་འཛམ་གླིང་ནི་མཉམ་འདྲེས་ཟབ་མོ་དང་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་འཛམ་གླིང་ཞིག་ཡིན་དགོས་ཞེས་ངོས་འཛིན་བྱེད་ཀྱིན་ཡོད། བསམ་བཞིན་དུ་ཚན་རྩལ་གྱི་བཀག་རྒྱ་བཟོ་བ་དང་ཐོན་ལས་ཕྲེང་འབྲེལ་གཏོར་བ་ཡིན་ན། ཕན་ཚུན་ཁ་བྲལ་དང་ཁ་གཏད་དུ་ལངས་པ་ལས་ཐབས་མེད། ཀྲུང་གོའི་མི་དམངས་ལའང་ཚུལ་མཐུན་གྱི་འཕེལ་རྒྱས་གཏོང་བའི་དབང་ཆ་ཡོད་པས། སྟོབས་ཤུགས་གང་ཞིག་གིས་ཀྱང་ཀྲུང་གོའི་ཚན་རྩལ་འཕེལ་རྒྱས་དང་ཡར་ཐོན་ཡོང་བའི་གོམ་སྟབས་བཀག་འགོག་བྱེད་ཐབས་མེད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་གཉིས་ཕན་འདུ་ཤེས་རྒྱུན་འཁྱོངས་བྱས་ནས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་མུ་མཐུད་རྒྱ་སྐྱེད་བཏང་ནས། ཕྱོགས་སོ་སོ་དང་མཉམ་དུ་འཕེལ་རྒྱས་ཀྱི་ཁེ་སྤོགས་མཉམ་སྤྱོད་བྱ་རྒྱུ་ཡིན། ཀྲུང་གོས་ཡོ་རོབ་ལ་འཛིན་པའི་སྲིད་ཇུས་མུ་མཐུད་བརྟན་པོ་ཡོང་བར་བྱས་ནས། ཡོ་རོབ་འདི་ཉིད་སྣེ་མང་ཅན་གྱི་འཛམ་གླིང་ཁྲོད་ཀྱི་སྣེ་གལ་ཆེན་ཞིག་དང་མཉམ་ལས་ཟླ་གྲོགས་ཞིག་ཏུ་བརྩི་བཞིན་ཡོད། ཧོ་ལན་ཕྱོགས་ཀྱིས་མུ་མཐུད་དུ་ཀྲུང་གོ་དང་ཡོ་རོབ་ཀྱི་ཕན་ཚུན་རྒྱུས་ལོན་དང་འཛུགས་སྐྲུན་རང་བཞིན་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཐད་ནས་དགེ་མཚན་ལྡན་པའི་ནུས་པ་འདོན་རོགས་བྱེད་པའི་རེ་ལྟོས་ཆེ་ཞེས་ནན་གྱིས་གསུངས།

ལོའུ་ཐི་ཡིས་ཀྲུང་གོ་ཕྱོགས་ཀྱིས་ཧོ་ལན་གྱི་སྤྱི་དམངས་ཀྲུང་གོར་ཉིན15ཡི་རིང་ཐོངས་མཆན་འགོད་མི་དགོས་པའི་ཐོབ་ཐང་མཁོ་འདོན་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་། ཧོ་ལན་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་མཛའ་མཐུན་འབྲེལ་བར་མཐོང་ཆེན་བྱས་ནས། ཀྲུང་གོའི་བར་གྱི་ཟླ་གྲོགས་འབྲེལ་བ་མུ་མཐུད་ཟབ་སྤེལ་བྱེད་རྒྱུ་དང་མི་སྣ་འགྲོ་འོང་ལ་སྟབས་བདེ་བསྐྲུན་པ། དཔལ་འབྱོར་ཚོང་དོན་དང་ཐཱན་ཉུང་གཏོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་སོགས་ཕྱོགས་མང་དང་དེ་བཞིན་རྒྱལ་སྤྱི་དང་ས་ཁུལ་གྱི་གླེང་ཐེངས་མང་བའི་གནད་དོན་ཐད་འབྲེལ་གཏུག་མཐུན་སྦྱོར་དམ་ཟབ་བཅས་བྱེད་འདོད་ཡོད་ཅེས་བསྟན།

ཝང་དབྱི་མཇལ་འཕྲད་ལ་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།