ཟླ3པའི་ཚེས27ཉིན། ཞིང་ཆེན་ཡོངས་ཀྱི་ས་གནས་བུ་ལོན་གྱི་ཉེན་ཁ་འགོག་སེལ་བྱ་བའི་བརྙན་རིས་གྲོས་ཚོགས་ཟི་ལིང་དུ་བསྡུས། གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ས་གནས་བུ་ལོན་གྱི་ཉེན་ཁ་འགོག་སེལ་བྱ་བའི་བརྙན་རིས་གྲོས་ཚོགས་ཀྱི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ལ། ད་ལོའི་ཞིང་ཆེན་ཡོངས་ཀྱི་ས་གནས་བུ་ལོན་གྱི་ཉེན་ཁ་འགོག་སེལ་བྱ་བ་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་གྲོས་ཚོགས་ལ་ཞུགས།
གྲོས་ཚོགས་སྟེང་བསྟན་དོན། ན་ནིང་གི་ཚུན་དུ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་ཁྲིད་བརྟན་པོའི་འོག ཞིང་ཆེན་གོང་འོག་ཡོངས་ཀྱིས་མཉམ་དུ་འབད་འཐབ་བྱས་པ་བརྒྱུད་དེ། ས་གནས་བུ་ལོན་གྱི་ཉེན་ཁ་འགོག་སེལ་བྱ་བའི་ཐད་ནས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས། ད་ལོར་རང་ཞིང་གི་ས་གནས་བུ་ལོན་གྱི་ཉེན་ཁ་འགོག་སེལ་ལས་འགན་སྔར་བཞིན་དུ་ལྕི་བ་དང་། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ཆབ་སྲིད་ཀྱི་ལངས་གནས་སྔར་ལས་མཐོར་འདེགས་སུ་གཏོང་བ་དང་། འགན་འཁྲིའི་འདུ་ཤེས་དང་མ་ལག་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། སྤྱི་དང་བྱེ་བྲག འཕྲལ་དང་ཕུགས། འཕེལ་རྒྱས་དང་བདེ་འཇགས་བཅས་ལ་གཅིག་འདོམས་བཟང་བོ་བྱེད་པ། གསོག་འབོར་བུ་ལོན་གྱི་ཉེན་ཁ་བཟང་བོར་སེལ་ནས། གསར་སྣོན་བུ་ལོན་གྱི་ཉེན་ཁ་ནན་འགོག་བྱེད་དགོས། ས་གནས་སྲིད་གཞུང་གི་བུ་ལོན་རྒྱུན་མཐུད་ངང་སེལ་བ་དང་། ནོར་སྲིད་དཔལ་འབྱོར་གྱི་སྒྲིག་ལམ་ཇེ་དམ་དུ་གཏོང་བ། གྲོན་ཆུང་སྒོས་འཚོ་བ་སྐྱེལ་བའི་རེ་བ་མཐའ་གཅིག་ཏུ་ལག་བསྟར་བྱས་ཏེ། སྤྱིར་བཏང་རང་བཞིན་གྱི་འགྲོ་སོང་འགོག་སྡོམ་ནན་མོ་བྱེད་དགོས། དངུལ་བསྲེས་སྟེགས་བུའི་བུ་ལོན་རྒྱུན་མཐུད་དང་གཏིང་ཟབ་ཏུ་སེལ་བ་དང་། སྔ་མོ་ནས་ཉེན་ཁ་ཆེ་བའི་སྟེགས་བུའི་བུ་ལོན་ཐག་གཅོད་བྱེད་པ། གསར་སྣོན་དངུལ་བསྲེས་ཀྱི་དོ་དམ་ལ་ཤུགས་བསྣན་ནས། རིགས་བགར་ནས་དངུལ་བསྲེས་སྟེགས་བུའི་བཅོས་སྒྱུར་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་དགོས། དངུལ་རྩ་ལས་ཁུངས་ཆུང་འབྲིང་གི་ཉེན་ཁ་རྒྱུན་མཐུད་ངང་ཐག་གཅོད་པ་དང་། བྱ་བའི་བྱེད་ཐབས་ཇེ་ཞིབ་ཏུ་གཏོང་བ། ཐག་གཅོད་ཀྱི་རྣམ་པ་རྒྱ་བསྐྱེད་དེ། བཅོས་སྐྱོང་གི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། ཁེ་ལས་ཀྱི་ཆད་བཞག་དངུལ་བུན་གཙང་སེལ་བྱེད་པ་དང་། ཆད་བཞག་དངུལ་བུན་ལག་བསྟར་བྱེད་ཤུགས་ཇེ་ཆེར་བཏང་ནས། མུ་འབྲེལ་གཙང་སེལ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས། དངུལ་བསྲེས་མིན་པའི་སྟེགས་བུའི་བུ་ལོན་གྱི་ཉེན་ཁ་རྒྱུན་མཐུད་ངང་སེལ་བ་དང་། བུན་སེལ་ལམ་བུ་གཏན་ཁེལ་གསལ་བོ་བྱེད་པ། དངུལ་རྩའི་རྒྱབ་སྐྱོར་ཆེར་བསྐྱེད་དེ། མི་མངོན་པའི་ཉེན་ཁ་འགོག་ཟོན་བྱེད་དགོས། ཕན་ལྡན་གྱི་སྲིད་གཞུང་བུ་ལོན་དོ་དམ་རྐྱེན་སྲོལ་འཛུགས་པ་དང་། ཚད་ལྡན་གྱི་དངུལ་གཏོང་དངུལ་བསྲེས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ཆ་ཚང་བའི་ལས་གཞི་དངུལ་གཏོང་དོ་དམ་རྐྱེན་སྲོལ་ལེགས་སྒྱུར་བྱས་ནས། ཁྲིམས་དང་འགལ་ནས་བུ་ལོན་ལེན་པ་དང་རྣམ་པ་འགྱུར་བའི་བུ་ལོན་ལེན་པའི་ཐབས་ལམ་མཐའ་གཅིག་ཏུ་འགོག་དགོས། བུ་ལོན་ཐག་གཅོད་དང་འཕེལ་རྒྱས་སུ་གཏོང་བར་གཅིག་འདོམས་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་བུ་ལོན་གྱི་ཉེན་ཁ་སེལ་ནས། དཔལ་འབྱོར་བསྐྱར་འཕར་ལེགས་སྒྱུར་གྱི་རྣམ་པ་སྲ་བརྟན་དང་ཇེ་དྲག་ཏུ་གཏོང་དགོས།
གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། བསམ་བློའི་ངོས་འཛིན་ཇེ་ཟབ་ཏུ་གཏོང་བ་དང་། ཡང་དག་པའི་ཆབ་སྲིད་གྲུབ་འབྲས་ལྟ་བ་ཇེ་བརྟན་དུ་གཏོང་བ། བུ་ལོན་སེལ་བའི་བྱ་བ་དེ་ངེས་པར་དུ་ཡོངས་འགྲུབ་བྱེད་དགོས་པའི་ལས་འགན་གལ་ཆེན་དུ་བརྩི་བ། འཕེལ་རྒྱས་ཀྱི་འདུ་ཤེས་དང་འཕེལ་རྒྱས་ཀྱི་རྣམ་པ་བསྒྱུར་བའི་གོ་སྐབས་གལ་ཆེན་དུ་བརྩི་བ། སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་འགན་སྲུང་གལ་ཆེན་དུ་བརྩི་བ། མཁྲེགས་གཏོར་གཡུལ་འཐབ་བྱེད་པའི་རྣམ་འགྱུར་དང་ཡུན་རིང་གི་གཡུལ་འཐབ་བྱེད་པའི་ངར་ཤུགས་ལ་བརྟེན་ནས་ཁུལ་ཁོངས་རང་བཞིན་དང་མ་ལག་རང་བཞིན་གྱི་ཉེན་ཁ་མི་འབྱུང་བའི་ཚད་མཐའ་བརྟན་སྲུང་བྱེད་དགོས། འགན་འཁྲི་ཕྲག་ཏུ་ལེན་པ་དང་། ཕྱོགས་སོ་སོའི་ཐོན་ཁུངས་སྟོབས་ཤུགས་མཉམ་བསྲེས་དང་བཀོད་གཏོང་བྱེད་པ། ཁུལ་ཁོངས་གཙོ་བོ་དང་ཁྱབ་ཁོངས་གཙོ་བོ། བྱ་བ་གཙོ་བོའི་དོ་སྣང་བྱེད་ཤུགས་ཇེ་ཆེར་གཏོང་བ། ས་ཁུལ་མི་འདྲ་བ་དང་བྱ་བ་མི་གཅིག་པར་ཁ་ཕྱོགས་ནས་བྱེད་ཐབས་མི་འདྲ་བ་སྤྱད་དེ་སྐུལ་འདེད་བཏང་ནས། རང་འགན་རང་ཁུར་དང་མཉམ་དུ་མཁྲེགས་གཏོར་བྱེད་དགོས། བྱ་བ་ནུས་ལྡན་སྒོས་སྤེལ་བ་དང་། ལས་འགན་བགོ་བཤའ་བྱེད་པ། སྲིད་ཇུས་བཀོལ་སྤྱོད་བཟང་བོ་བྱེད་པ་དང་ཕྱོགས་སོ་སོའི་རྒྱབ་སྐྱོར་བརྩོན་ལེན་བྱེད་པ། ས་ཆ་སོ་སོའི་ཉམས་མྱོང་ལ་དཔེ་ལྟ་བྱས་ཏེ། བུ་ལོན་སེལ་ཚད་ཇེ་མགྱོགས་སུ་གཏོང་དགོས། དངོས་གཉེར་གྱི་སྤྱོད་ཚུལ་སྲུང་འཛིན་བྱེད་པ་དང་། ཁག་ཁུར་འབད་འཐབ་ལ་ཤུགས་སྣོན་པ། གཅིག་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་པ། བུ་ལོན་སེལ་བའི་བྱ་བ་དང་གཞན་པའི་བྱ་བ་སྣ་ཚོགས་བར་གྱི་འབྲེལ་བ་ཐག་གཅོད་བཟང་བོ་བྱས་ཏེ། བྱ་བའི་གྲུབ་འབྲས་སྔར་ལས་མང་པོ་གྲུབ་པར་བྱེད་དགོས།
གྲོས་ཚོགས་སྟེང་ཧྲིན་ཀྲང་གཞོན་པ་ལིའུ་ཁྲའོ་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ས་གནས་བུ་ལོན་གྱི་ཉེན་ཁ་འགོག་སེལ་བྱ་བའི་བརྙན་རིས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་བྱས། ཞིང་ཆེན་ནོར་སྲིད་ཐིན་དང་ཟི་ལིང་གྲོང་ཁྱེར། མཚོ་ཤར་གྲོང་ཁྱེར། ཀྲུང་གོ་མི་དམངས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གི་འགན་ཁུར་བློ་མཐུན་གྱིས་གཏམ་བཤད།
གྲོས་ཚོགས་སྟེང་བརྙན་རིས་ཀྱི་ལམ་ནས་བསྡུས་པ་དང་། ཞིང་ཆེན་དུ་ཚོགས་ར་གཙོ་བོ་བཙུགས་པ་དང་། གྲོང་ཁྱེར་དང་ཁུལ་སོ་སོ་རུ་ཡན་ལག་ཚོགས་ར་བཙུགས་ཡོད། ཞིང་ཆེན་གྱི་འགོ་ཁྲིད་ཝང་ཝེ་ཏུང་དང་ཀྲའོ་ཡུའེ་ཞ། དབྱང་ཧྥ་སིན། ཝུའུ་ལ་ཙི་པེ་ཁི་རེ་སུའུ་ལིས་ཧན། ལོའུ་ཀང་། ལིས་ཧུང་ཡ་བཅས་ཀྱིས་ཚོགས་ར་གཙོ་བོ་དང་ཡང་ན་ཡན་ལག་ཚོགས་ར་ནས་གྲོས་ཚོགས་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།