ཟླ3པའི་ཚེས27ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཟི་ལིང་དུ་ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་ཏང་ཨུའི་ཧྲུའུ་ཅི། རྐང་འཛིན་དབུ་གཙོ་ཝང་ཐུང་ཀྲོའུ་སོགས་དང་བཞུགས་མོལ་བྱས།
ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཝང་ཐུང་ཀྲོའུ་སོགས་མཚོ་སྔོན་དུ་ཡོང་བར་དགའ་བསུ་ཞུས་པ་དང་། ཀྲུང་གོ་འགྲིམ་འགྲུལ་སྡེ་ཚོགས་ཀྱིས་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བྱས་རྗེས་བཞག་པ་དང་། ལྷག་པར་ཅི་ཧྲི་ཧྲན་གྱི་ཚད་རིམ་དྲུག་ཚེག་གཉིས་ཀྱི་ས་ཡོམ་རྗེས་སུ། ཡོམ་འགོག་གནོད་སྐྱོབ་དང་གནོད་རྗེས་བསྐྱར་འཛུགས་ཁྲོད་ནུས་ལྡན་གྱི་འགན་སྲུང་དང་རྒྱབ་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཆེ་ཞུས། ཁོ་ཚོས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་ཚད་མཐོའི་མཐོང་ཆེན་གནང་ཞིང་། ཐེངས་གཉིས་ལ་སྐུ་དངོས་སུ་མཚོ་སྔོན་དུ་རྟོག་ཞིབ་ལ་ཕེབས་པ་དང་ཐེངས་གཉིས་ལ་རྒྱལ་ཡོངས་དམངས་ཆེན་གྱི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་ནས་མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པའི་རླབས་ཆེན་ཇུས་གཞི་འཆར་འགོད་གནང་ཡོད། ད་ལྟ་མཚོ་སྔོན་ཞིང་ཆེན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་བརྒྱུད་དེ་འབད་པ་ཆེན་པོས་མདུན་སྐྱོད་བྱེད་བཞིན་ཡོད་ལ། ལོ་རྒྱུས་སྟེང་གི་ཆེས་ལེགས་པའི་འཕེལ་རྒྱས་ཀྱི་དུས་སྐབས་ལ་འཕྲད་ཡོད། ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་སྡེ་ཚོགས་ནི་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་རམ་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་སྡེ་ཚོགས་དང་ཕྱོགས་སོ་སོའི་བར་མཐུན་སྦྱོར་འབྲེལ་གཏུག་བྱེད་པར་ཤུགས་སྣོན་པར་རྒྱབ་སྐྱོར་བྱེད་ངེས་ཡིན། རྣམ་གྲངས་འཛུགས་སྐྲུན་ཁྲོད་ཧུར་ཐག་གིས་ཞུགས་ཏེ་ཕྱོགས་གཉིས་ཀྱི་ཡུན་རིང་མཉམ་ལས་ཀྱི་རྨང་གཞིའི་སྟེང་། རྒྱུན་ཆད་མེད་པར་མཉམ་ལས་ཁྱབ་ཁོངས་རྒྱ་བསྐྱེད་པ་དང་མཉམ་ལས་གྲུབ་འབྲས་གཏིང་ཟབ་ཏུ་བཏང་ནས་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་འདོད་ཡོད་ཅེས་བསྟན།
ཝང་ཐུང་ཀྲོའུ་ཡིས་མཚོ་སྔོན་གྱིས་དུས་ཡུན་རིང་བོར་ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་སྡེ་ཚོགས་ལ་ཡིད་ཆེས་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས་པ་དང་། ཀུང་ཟིའི་མཚོ་སྔོན་གྱི་ལས་གཉེར་འཕེལ་རྒྱས་གནས་ཚུལ་མཚམས་སྦྱོར་མདོར་བསྡུས་བྱས། ཝང་ཐུང་ཀྲོའུ་ཡིས་བཤད་རྒྱུར། མཚོ་སྔོན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་གྲུབ་འབྲས་ཀྱིས་ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་སྡེ་ཚོགས་མཚོ་སྔོན་ནས་འཕེལ་རྒྱས་གཏོང་བའི་ཡིད་ཆེས་དང་ཆོད་སེམས་སྔར་ལར་ཇེ་དྲག་ཏུ་བཏང་ཡོད། ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་སྡེ་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་དབང་རྒྱུ་ནོར་དང་ཀྲུང་དབྱང་ཁེ་ལས་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་གལ་ཆེན་ལག་བསྟར་དང་དངོས་འབེབས་ཟབ་མོ་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་ལྟར། དགེ་མཚན་འདོན་སྤེལ་དང་འགན་འཁྲི་ལག་བསྟར། རང་འགུལ་གྱི་བྱེད་ཕྱོགས་མངོན་པར་བྱས་ནས། ཕྱོགས་གཉིས་ཀྱི་འགྲིམ་འགྲུལ་དང་ཆུ་བེད། ནུས་ཁུངས་གསར་བ། གནོད་རྗེས་བསྐྱར་འཛུགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་ཟབ་ཏུ་བཏང་སྟེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་རོགས་ཤུགས་འདོན་རྒྱུ་ཡིན་ཞེས་བསྟན།
ཧྲིན་ཀྲང་གཞོན་པ་ཧི་ལུའུ་ཁྲུན་བཞུགས་མོལ་ལ་ཞུགས།
རིག་འཛིན་སྒྲོལ་མས་བསྒྱུར།