ཞི་ཅིན་ཕིང་གིས་སི་རི་ལན་ཁའི་ཙུང་ལི་ཀུའུ་ནཱ་ཝ་ཏི་ནཱ་ལ་མཇལ་འཕྲད་གནང་།
2024.03.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

ཟླ3པའི་ཚེས27ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར་འཚམས་འདྲིར་ཡོང་བའི་སི་རི་ལན་ཁའི་ཙུང་ལི་ཀུའུ་ནཱ་ཝ་ཏི་ནཱ་ལ་མཇལ་འཕྲད་གནང་།

ཟླ3པའི་ཚེས27ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར་འཚམས་འདྲིར་ཡོང་བའི་སི་རི་ལན་ཁའི་ཙུང་ལི་ཀུའུ་ནཱ་ཝ་ཏི་ནཱ་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་སི་རི་ལན་ཁའི་མཛའ་མཐུན་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་། རྒྱལ་ཁབ་གཉིས་ཀའི་མི་དམངས་བར་མ་བཅོས་རང་བྱུང་གི་མཛའ་མཐུན་ཚོར་སྣང་ཡོད། ཀྲུང་གོ་དང་སི་རི་ལན་ཁའི་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་ཡག་པོ་གཏོང་རྒྱུ་དེ་རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་ཐུན་མོང་གི་རེ་ལྟོས་དང་མཐུན། ཀྲུང་གོ་ཕྱོགས་ཀྱིས་སི་རི་ལན་ཁ་ཕྱོགས་དང་མཉམ་དུ། “རང་སྟོབས་རང་སྤེལ་དང་མཐུན་སྒྲིལ་རོགས་རེས”ཀྱི《མིས་ཅའོ་ཆོད་དོན》གྱི་དགོངས་དོན་མུ་མཐུད་དར་སྤེལ་བཏང་སྟེ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་པ། དངོས་སྒྲུབ་མཉམ་ལས་བྱེད་རྒྱ་ཇེ་ཆེར་གཏོང་བ། སྤུས་ཚད་མཐོ་བའི་ངང་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བཅས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་ཟོལ་མེད་རོགས་རེས་དང་མི་རབས་ནས་མི་རབས་བར་གྱི་མཛའ་མཐུན་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་སི་རི་ལན་ཁས་རང་རྒྱལ་ཁབ་ཀྱི་བདག་དབང་དང་རང་བཙན། མི་རིགས་ཀྱི་ལ་རྒྱ་བཅས་ལ་སྲུང་སྐྱོབ་བྱ་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ནས། རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་དེང་རབས་ཅན་གྱི་བགྲོད་ལམ་འཚོལ་ཞིབ་བྱས་ཏེ། སི་རི་ལན་ཁའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རང་ནུས་ཅི་ཡོད་ཀྱིས་མུ་མཐུད་རོགས་རམ་བྱ་རྒྱུ་ཡིན། ཕྱོགས་གཉིས་ཀས་མཉམ་དུ་འབད་བརྩོན་བྱས་ནས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་གཏོང་བ་དང་ལྷག་པར་དུ། ཁོ་ལུན་ཕོ་གྲུ་ཁའི་གྲོང་དང་ཧན་པན་ཐོ་ཐུ་ཡི་ཕྱོགས་བསྡུས་གསར་སྤེལ་གྱི་ལས་གཞི་གཙོ་བོ་གཉིས་ཀྱི་དངོས་ཟོག་སྐྱེལ་འདྲེན་དང་ནུས་ཁུངས། ཐོན་ལས་མཉམ་ལས་བཅས་གཏིང་ཟབ་ཏུ་བཏང་ནས། གཞི་གྲངས་དཔལ་འབྱོར་དང་ལྗང་མདོག་དཔལ་འབྱོར། ནུས་ཁུངས་གཙང་མ། རིག་གནས་ཡུལ་སྐོར། རྒྱ་མཚོའི་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་དགོས། ཀྲུང་གོ་ཕྱོགས་ཀྱིས་སི་རི་ལན་ཁའི་ཁྱད་ལྡན་སྤུས་ལེགས་ཐོན་རྫས་ནང་འདྲེན་བྱེད་རྒྱ་མུ་མཐུད་དུ་ཇེ་ཆེར་བཏང་ནས། ཀྲུང་གོའི་ཁེ་ལས་སི་རི་ལན་ཁར་སོང་ནས་དངུལ་གཏོང་ལས་སྐྲུན་བྱེད་པར་སྐུལ་འདེད་བྱས་ཏེ། སི་རི་ལན་ཁ་ཕྱོགས་ལ་དྲང་གཞག་དང་མིང་དོན་མཚུངས་པའི་ཚོང་གཉེར་ཁོར་ཡུག་མཁོ་འདོན་བྱ་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་སི་རི་ལན་ཁ་ཕྱོགས་དང་མཉམ་དུ། གྲོང་གསེབ་ཀྱི་དབུལ་སེལ་མཉམ་ལས་ལ་ཤུགས་བསྣན་ནས། སི་རི་ལན་ཁའི་དཔལ་འབྱོར་ཚུལ་སྒྱུར་རིམ་སྤོར་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་ཀས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་སྔར་ལས་དར་སྤེལ་བཏང་སྟེ། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། རྒྱལ་ཁབ་གཉིས་ཀྱི་ཐུན་མོང་གི་ཁེ་ཕན་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོབ་ཡག་པོ་བྱེད་པ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་ནན་གྱིས་གསུངས།

ཀུའུ་ནཱ་ཝ་ཏི་ནཱ་ཡིས་སི་རི་ལན་ཁ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀའི་སྲོལ་རྒྱུན་མཛའ་བརྩེ་སྔར་ལས་ཇེ་དམ་དུ་སོང་ཡོད།  སི་རི་ལན་ཁ་ཕྱོགས་ཀྱིས་མུ་མཐུད་ཀྲུང་གོ་ཕྱོགས་དང་མཉམ་དུ་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་དར་སྤེལ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བ་སྔར་ལས་ཟབ་སྤེལ་བྱེད་པ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་ཚོང་དོན་དང་སློབ་གསོ། ཡུལ་སྐོར། དབུལ་སེལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་གཏོང་བ། རྒྱལ་སྤྱིའི་ཕྱོགས་མང་འབྲེལ་གཏུག་མཉམ་ལས་གཏིང་ཟབ་དུ་གཏོང་བ། ཨེ་ཤ་ཡའི་ལས་སྐལ་གཅིག་མཐུན་ཚོགས་པ་དང་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་འདོད་ཡོད་ཅེས་བསྟན།

ཝང་དབྱི་མཇལ་འཕྲད་ལ་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།