སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་ཉེར་བདུན་པ་ཚེས27ཉིན་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་འགོ་འཛིན་བྱས་པ་དང་གཏམ་བཤད།
གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་ལམ་གྱི་གསུང་བཤད་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས། ཝང་ཧུའུ་ཉིང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཡོངས་ཚོགས་ཆེན་གཉིས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་དགོས་ལ། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་ཏང་ཀྲུང་དབྱང་གི2024ལོའི་བྱ་བའི་སྤྱིའི་བླང་བྱར་གོ་བ་ཡང་དག་ལེན་པ། རྒྱལ་ཡོངས་སྲིད་གྲོས་ཀྱི2024ལོའི་གྲོས་མོལ་འཆར་གཞི་རྩ་འཛུགས་ནན་མོ་བྱས་ནས་ལག་བསྟར་བྱེད་པ། ཨུ་ཡོན་རྩ་འཛུགས་བཟང་པོ་བྱས་ཏེ་དམངས་ལ་ཞབས་འདེགས་ཞུ་བ་སོགས་ཀྱི་བྱེད་སྒོར་འགན་སྒྲུབ་བྱེད་པ་དང་། ཐུན་མོང་ངོས་འཛིན་གཅིག་ཏུ་བསྡུ་བ་དང་ཡིད་རྟོན་འཕེར་བར་བྱེད་པ། མཐུན་སྒྲིལ་ཡར་ཐོན་གྱི་བྱ་བ་བཟང་པོར་བསྒྲུབ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཕྱོགས་ཡོངས་ཀྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པ། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། རྟོག་ཞིབ་ནན་མོ་བྱེད་པ་དང་གྲོས་མོལ་སྲིད་གླེང་གཏིང་ཟབ་ཏུ་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་ཐབས་དང་ནུས་ཤུགས་འདོན་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་དབུས་རྒྱུད་ས་ཁུལ་དར་རྒྱས་སུ་གཏོང་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། དུས་རབས་གསར་བའི་དབུས་རྒྱུད་ས་ཁུལ་གྱི་འཕེལ་རྒྱས་དང་ཁུལ་ཁོངས་ཀྱི་གཞོགས་འདེགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བློ་སྒྲིལ་སེམས་བསྐྱེད་བྱེད་པ་དང་ཨུ་ཡོན་གྱིས་དཔེ་ཀློག་བྱེད་པ་དང་གཞུང་ལུགས་སློབ་སྦྱོང་དང་སློབ་སྦྱོང་གསོ་སྦྱོང་རྒྱུན་རྣམ་ཅན་དུ་བཏང་ནས་ཏང་གི་གསར་གཏོད་གཞུང་ལུགས་ཀྱི་དྲག་ཆས་མི་དམངས་སྲིད་གྲོས་ནས་གཏིང་ཟབ་ཏུ་སྤྲས་པར་སྐུལ་འདེད་བཏང་ནས་མཐུན་སྒྲིལ་འབད་འཐབ་ཀྱི་ཐུན་མོང་བསམ་བློའི་ཆབ་སྲིད་རྨང་གཞི་སྲ་བརྟན་དུ་གཏོང་དགོས།
གྲོས་ཚོགས་སྟེང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་གཞི་གདམ་གསེས་དང་ལྟ་སྒྲུབ་བྱེད་ཐབས་དང་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བཙུགས་ནས་ལོ་དོན་ལྔ་འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་སྤྱིའི་ཇུས་གཞི་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། ཝང་ཧུའུ་ཉིང་གིས་བསྟན་དོན། ད་ལོ་ནི་མི་དམངས་སྲིད་གྲོས་བཙུགས་ནས་ལོ་དོན་ལྔ་འཁོར་བའི་ལོ་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་ཀྲུང་གུང་ཀྲུང་དབྱང་གི་འབྲེལ་ཡོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་དགོས་ལ། མི་དམངས་སྲིད་གྲོས་བྱ་བའི་གོ་རིམ་ཧྲིལ་བོ་དང་ཕྱོགས་སོ་སོའི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་སྣོན་བྱས་ནས་ཆེད་དོན་ལས་ཁུངས་འཛུགས་སྐྱོང་ལ་ཤུགས་སྣོན་པ། འགུལ་སྐྱོད་དངོས་ལ་བརྟེན་ནས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་དོན་ལྔ་འཁོར་བ་དང་མི་དམངས་སྲིད་གྲོས་བཙུགས་ནས་ལོ་དོན་ལྔ་འཁོར་བར་བསུ་མ་བྱེད་དགོས།
གྲོས་ཚོགས་སྟེང་ཧྲི་ལོས་ཀྱི་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་ཐོབ་ཐང་ལེན་པའི་སྐོར་གྱི་ཆོད་དོན་ལ་གྲོས་འཆམ་བྱུང་བ་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བདུན་པ་ནས་རྗེས་འདེད་ཁས་ལེན་བྱེད་པར་སྤྲོད་རྒྱུ་རེད།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཡུང་དང་ཀྲོའུ་ཆང་། ཧྲའོ་ཧུང་། ཀའོ་ཡུན་ལུང་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་བའི་དུས་སྐབས་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་ནས་གཏམ་བཤད།
མི་ཕམ་མགོན་པོས་བསྒྱུར།