སྐབས་ཉི་ཤུ་པའི་རྒྱལ་སའི་འཆར་འགོད་འཛུགས་སྐྲུན་ཨུ་ཡོན་ལྷན་ཁངགི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིང་དུ་བསྡུས།
2024.03.28 ཁུངས། ཀློག་གྲངས། 32

ཟླ3པའི་ཚེས27ཉིན། སྐབས་ཉི་ཤུ་པའི་རྒྱལ་སའི་འཆར་འགོད་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སའི་འཆར་འགོད་ཨུ་ལྷན་གྱི་ཀྲུའུ་རིན་ཚའེ་ཆི་གྲོས་ཚོགས་ལ་ཞུགས་ནས་གསུང་བཤད་གནང་། 

གྲོས་ཚོགས་སྟེང་བསྟན་དོན། ད་ལོ་ནི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་དོན་ལྔ་འཁོར་བའི་ལོ་ཡིན་ལ། པེ་ཅིང་དང་ཐེན་ཅིན། ཧི་པེ་གསུམ་གྱི་མཐུན་སྦྱོར་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱས་ནས་ལོ་བཅུ་འཁོར་བའི་ལོ་ཡིན། ལོ་བཅུའི་སྔོན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་ལ་རྟོག་ཞིབ་བྱེད་སྐབས་གསུང་བཤད་གལ་ཆེན་སྤེལ་ནས། རྒྱལ་སའི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་གནང་ཡོད། ལོ་བཅུའི་རིང་ལ། རྒྱལ་སར་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་ནས། རྒྱལ་སའི་བྱེད་ནུས་སྔར་མེད་ཇེ་ལེགས་སུ་སོང་ཡོད་པར་མ་ཟད། བར་སྟོང་སྒྲིག་གཞི་རིམ་གྱིས་འཐུས་ཚང་དུ་གྱུར་པ་དང་། འཕེལ་རྒྱས་རྣམ་པར་འགྱུར་བ་ཟབ་མོ་བྱུང་ནས། སྐྱེ་ཁམས་ཁོར་ཡུག་ལེགས་སྒྱུར་ཆེན་པོ་བྱས་ཏེ། འཆར་འགོད་སྒྲིག་སྲོལ་གྱི་ལམ་ལུགས་རྐྱེན་སྲོལ་སྔར་ལས་བདེ་ཐང་དུ་གྱུར་ཡོད། འགྱུར་ལྡོག་དེ་དག་གི་རྩ་བ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྣེ་ཁྲིད་ཕྱོགས་སྟོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་གི་མཛུབ་སྟོན་ལ་རག་ལས་ཡོད། རྗེས་ཕྱོགས་ཀྱི་ལོ་བཅུ་ནི་རྒྱལ་སའི་འཆར་འགོད་འཛུགས་སྐྲུན་གྱི་གནད་འགག་གི་དུས་སྐབས་ཡིན་པས། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་བླངས་ནས། སྲུང་སྐྱོང་གཉིས་སྒྲུབ་འགན་ཐེག་པའི་ཆབ་སྲིད་རང་རྟོགས་ལ་བརྟེན་ནས། རྒྱལ་སའི་འཆར་འགོད་འཛུགས་སྐྲུན་དེ་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་བྱ་དགོས། 

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གི་བཀོད་སྒྲིག་རེ་བ་ལྟར། རྒྱལ་སའི་འཆར་འགོད་ལག་བསྟར་བཟང་བོ་བྱེད་དགོས། ཀྲུང་དབྱང་གི་ནོར་སྲིད་བྱེད་ནུས་སྔར་མེད་མཐོར་འདེགས་སུ་བཏང་ནས། བར་སྟོང་བཀོད་སྒྲིག་དང་སྒྲིག་ཆས་འཐུས་ཚང་། སྲིད་དོན་ཁོར་ཡུག་མཐོར་འདེགས་སུ་གཏོང་བ་བཅས་བྱེད་དགོས། ལྟེ་བ་བཞིའི་བྱེད་ནུས་གཅིག་གྱུར་འཆར་འགོད་བྱས་ནས། ལྟེ་བ་བཞིའི་ནུས་ཚད་ལེགས་པར་བསྐྱེད་དེ། ཐོན་སྐྱེད་ནུས་ཤུགས་གསར་མའི་གསོ་སྐྱོང་དང་འཕེལ་རྒྱས་ལ་ཤུགས་སྣོན་དགོས། རིག་གནས་སྒྲིག་ཆས་འཛུགས་སྐྲུན་དང་བྱེད་ནུས་མཐོར་འདེགས་ལ་སྐུལ་འདེད་བཏང་ནས། ལྗང་མདོག་ཐཱན་དམའི་བར་སྟོང་འཕེལ་རྒྱས་དང་གྲོང་ཁྱེར་ཆེན་མོའི་བཅོས་སྐྱོང་མ་ལག་འཐུས་ཚང་དུ་བཏང་ནས། རྒྱལ་སའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཞོགས་འདེགས་བྱེད་དགོས། གྲོང་ཁྱེར་གྱི་འཁོར་སྐྱོད་བདེ་འཇགས་ལ་འགན་ལེན་བྱས་ནས། རྒྱལ་སའི་བདེ་འཇགས་འགོག་ཐིག་བརྟན་པོར་བྱ་དགོས། 

གྲོས་ཚོགས་སྟེང་རྒྱལ་སའི་འཆར་འགོད་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཉིས་སྟོང་ཉེར་གསུམ་ལོའི་བྱ་བའི་སྤྱི་སྡོམ་དང་ཉིས་སྟོང་ཉེར་བཞི་ལོའི་བྱ་བ་གཙོ་བོ་སོགས་ཡིག་ཆར་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སའི་འཆར་འགོད་ཨུ་ལྷན་གྱི་ཀྲུའུ་རིན་དབྱིན་ལིས་ཀྱིས་གྲོས་ཚོགས་ལ་འགོ་འཛིན་བྱས། རྒྱལ་སའི་འཆར་འགོད་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ་དང་ཨུ་ཡོན་སོགས་གྲོས་ཚོགས་ལ་ཞུགས།