ཞིང་ཆེན་ཡོངས་ཀྱི་ཏང་གི་སློབ་གྲྭའི་སློབ་གཙོའི་གྲོས་ཚོགས་བསྡུས།
2024.03.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 32

ཟླ3པའི་ཚེས27ཉིན། ཞིང་ཆེན་ཡོངས་ཀྱི་ཏང་གི་སློབ་གྲྭ་དང་སྲིད་འཛིན་སློབ་གླིང་། སྤྱི་ཚོགས་རིང་ལུགས་སློབ་གླིང་གི་སློབ་གཙོ་དང་གླིང་གཙོའི་གྲོས་ཚོགས་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་སློབ་གཙོ། སྲིད་འཛིན་སློབ་གླིང་གི་གླིང་གཙོ་ཀྲའོ་ཡུའེ་ཞ་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད།

གྲོས་ཚོགས་སྟེང་བསྟན་དོན། 2023ལོར་ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་དང་སློབ་གླིང་མ་ལག་གིས་ཐོག་མའི་བསམ་འདུན་ལག་བསྟར་དང་འོས་འགན་ཕྲག་ལེན་བྱས་ཏེ། བྱ་བ་ཁག་སོ་སོར་འཕེལ་རིམ་གསར་བ་དང་གྲུབ་འབྲས་གསར་བ་བླངས། 2024ལོར་ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་དང་སློབ་གླིང་མ་ལག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སློབ་གྲྭའི་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། དེང་རབས་ཅན་གྱི་མཚོ་སྔོན་འཛུགས་སྐྲུན་བྱེད་པ་དང་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱིས་ཏང་གི་སློབ་གྲྭའི་བྱ་བའི་ཐད་བཏོན་པའི་བླང་བྱ་གསར་བར་གོ་བ་གཏིང་ཟབ་ལེན་པ་དང་། དེ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱས་ཏེ། ཏང་གི་ཆེད་དུ་མི་གསོ་སྐྱོང་བྱེད་པ་དང་ཏང་གི་ཆེད་དུ་ཇུས་འབུལ་བྱེད་པའི་བྱ་བ་སྣ་ཚོགས་ཏན་ཏིག་སྒོས་ཡག་པོར་སྒྲུབ་དགོས།

གྲོས་ཚོགས་སྟེང་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སློབ་གྲྭ་དང་སློབ་གླིང་གིས་དུས་རབས་གསར་བའི་ཏང་གི་སློབ་གྲྭའི་བྱ་བའི་གནས་བབ་གསར་བ་དང་ལས་འགན་གསར་བ། བླང་བྱ་གསར་བར་སྟངས་འཛིན་ཡང་དག་བྱེད་པ་དང་། ཏང་གི་ལས་དོན་ཡག་པོར་སྒྲུབ་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། གཞི་རྩའི་གསོ་སྦྱོང་གི་དཀྱིལ་སྙིང་ནང་དོན་དང་ལག་ལེན་བླང་བྱར་གོ་བ་ཟབ་མོ་བླངས་ཏེ། འགན་འཁྲིའི་འདུ་ཤེས་དང་འོས་འགན་འདུ་ཤེས། དགོས་གཏུག་འདུ་ཤེས་བཅས་ཇེ་དྲག་ཏུ་གཏོང་དགོས། གཞི་རྩའི་གསོ་སྦྱོང་ནུས་ཤུགས་ཡོད་རྒུས་དམ་འཛིན་བྱས་ཏེ་གསོ་སྦྱོང་བྱེད་འོས་ཚང་མ་ཡོངས་སུ་ཁེབས་པར་བྱེད་པ་དང་། གསོ་སྦྱོང་ནང་དོན་ལེགས་སྒྱུར་འཐུས་ཚང་དུ་གཏོང་བ། བྱེད་ཐབས་ཐབས་ལམ་གསར་གཏོད་བྱེད་པ། སློབ་སྲོལ་ལམ་ལུགས་ཚད་ལྡན་དུ་གཏོང་བ། གསོ་སྦྱོང་དུས་ཚོད་གཅིག་གྱུར་བཀོད་སྒྲིག་བྱས་ནས། སློབ་གསོ་གསོ་སྦྱོང་བྱ་བ་སྤུས་འདེགས་ནུས་འཕར་ཡོང་བར་སྐུལ་འདེད་ཆེན་པོ་གཏོང་བ་དང་། སྤུས་ཚད་མཐོ་བའི་སློབ་གསོ་གསོ་སྦྱོང་གིས་ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཞབས་འདེགས་ཞུ་དགོས། སྤུས་ལེགས་སློབ་གྲྭ་འཛུགས་རྒྱུ་རྒྱུན་འཁྱོངས་བྱས་ཏེ་སློབ་ཁྲིད་སྤུས་ཚད་ཇེ་མཐོར་གཏོང་བ་དང་། ཞིབ་འཇུག་ཆུ་ཚད་ཇེ་མཐོར་གཏོང་བ། འཇོན་མིའི་དཔུང་ཁག་སྟོབས་ལྡན་བསྐྲུན་ནས། རྫོང་རིམ་པའི་ཏང་གི་སློབ་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ཤིང་། ཏང་གི་སློབ་གྲྭའི་མ་ལག་གི་སློབ་སྒྲུབ་བྱ་བའི་སྤྱིའི་ཆུ་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་དགོས། སློབ་གྲྭ་ནན་མོར་སྐྱོང་རྒྱུ་དམ་འཛིན་བྱས་ཏེ་སློབ་སྦྱོང་བྱེད་སྲོལ་དང་བབ་ཆགས་ཀྱི་གནས་སྟངས། དྭངས་གཙང་གི་སྒྲིག་སྲོལ་བཅས་ཤུགས་ཆེན་པོས་དར་སྤེལ་གཏོང་དགོས་པར་མ་ཟད། ཏང་གི་སློབ་གྲྭ་རིམ་པ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་ཏང་གི་སློབ་གྲྭའི་སྟོབས་ཤུགས་འབུལ་དགོས་པ་ནན་གྱིས་བསྟན།

རིག་འཛིན་སྒྲོལ་མས་བསྒྱུར།