ཚེས28ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཧེ་ནན་ནས་པའོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི2024ལོའི་ལོ་ཚོགས་ཀྱི་མགོ་རྩོམ་མཛད་སྒོར་ཞུགས་པ་དང་ཁ་ཡིག་ལ་མཐུན་སྒྲིལ་གཞོག་འདེགས་དང་འགྲན་རྩོད་མཉམ་དུ་བསུས་ཏེ། ལག་རྡང་སྦྲེལ་ནས་ཨེ་ཤ་ཡ་གླིང་དང་འཛམ་གླིང་གི་མཛེས་སྡུག་གི་མ་འོངས་པ་བསྐྲུན་དགོས་ཞེས་པའི་གཙོ་དོན་གཏམ་བཤད་གནང་། ཧཱ་སག་སི་ཐཱན་གྱི་ཙུང་ཐུང་ཐའོ་ཁ་ཡའེ་ཧྥུའུ་དང་ནོ་རུའི་ཙུང་ཐུང་ཨ་ཏིས་ཨང་། སི་རི་ལན་ཁའི་ཙུང་ལི་ཀུའུ་ནཱ་ཝ་ཏི་ནཱ། ཏོ་སྨི་ནི་ཁའི་ཙུང་ལི་སི་ཁེ་ལིས་ཐི། ཁམ་ཁུ་ཀྲེའི་རྒྱལ་བོའི་བློ་འདོན་ཚོགས་པའི་ཀྲུའུ་ཞི་ཧུང་སིན། ཨུ་རུ་སིའི་ཙུང་ལི་གཞོན་པ་ཨོ་ཝེར་ཆིའུ་ཁུ། འཛམ་གླིང་ཤེས་བྱའི་བདག་དབང་རྩ་འཛུགས་ཀྱི་སྤྱིའི་ལས་འཛིན་པ་ཏུན་ཧུང་སིན། དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ཁུ་ཨར་མན། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་གོ་ཅིན་ཧུང་། གླེང་སྟེགས་ཀྱི་ལས་འཛིན་དཔོན་ཕན་ཅི་ཝུན་སོགས་རྒྱལ་ཁབ་དང་ས་ཁུལ་དྲུག་ཅུ་ལྷག་གི་སྲིད་འཛིན་ཁྱབ་ཁོངས་དང་བཟོ་ཚོང་ལས་རིགས། ཤེས་བྱའི་མཛོད་ཀྱི་ཆེད་མཁས་པའི་འཐུས་མི་བཅས་མི་ཆིག་སྟོང་ལྔ་བརྒྱ་ལྷག་གླེང་སྟེགས་ལ་ཞུགས།
ཀྲའོ་ལི་ཅི་ཡིས་བསྟན་དོན། ད་སྐབས་ཀྱི་འཛམ་པོ་གླིང་འདི་ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོར་འཕྲད་ཡོད་ལ། ཞི་བདེ་དང་འཕེལ་རྒྱས་ཕྱོགས་ནས་འགྲན་རྩོད་མང་པོར་འཕྲད་ཡོད། མིའི་རིགས་ཕྱོགས་གང་དུ་འགྲོ་དགོས་ཞེས་པའི་རིགས་ཀྱི་དྲི་བ་འདི་དག་གི་ཐད་ནས་ཀྲུང་གོའི་དྲིས་ལན་ནི་ལག་རྡང་སྦྲེལ་ནས་མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་སྐྱོང་བྱེད་རྒྱུ་དེ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པ་ནི་མི་རིགས་སོ་སོ་དང་རྒྱལ་ཁབ་རེ་རེའི་མདུན་ལམ་ཕྱོགས་གཅིག་ལ་དམ་དུ་སྦྲེལ་བ་ཡིན་ལ། སྐྱིད་སྡུག་མཉམ་མྱོང་དང་གཟི་བརྗིད་དང་ངོ་ཚ་མཉམ་འཁུར་བྱས་ཏེ། ང་ཚོས་སྐྱེས་ནས་རྒས་སའི་གོ་ལ་འདི་ཉིད་འཆམ་མཐུན་གྱི་ཁྱིམ་གཞིས་ཆེན་པོ་ཞིག་ཏུ་བསྐྲུན་དགོས།
ཀྲའོ་ལི་ཅི་ཡིས་བསྟན་དོན། ང་ཚོས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པའི་དར་ཆ་མཐོ་རུ་བསྒྲེངས་ནས་ཨེ་ཤ་ཡའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་དགོས། མཉམ་དུ་ཨེ་ཤ་ཡའི་བདེ་འཇགས་ལ་སྲུང་སྐྱོབ་པ་བྱས་ནས་འཛམ་གླིང་ཞི་བདེ་དང་བརྟན་འཇགས་ཡོང་བར་སྟོབས་ཤུགས་ཅི་ཡོད་འདོན་དགོས། མཉམ་དུ་ཨེ་ཤ་ཡ་གླིང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་མཁན་བྱས་ཏེ་འཛམ་གླིང་དཔལ་འབྱོར་སླར་གསོ་འབྱུང་བར་གོ་སྐབས་བསྐྲུན་དགོས། མཉམ་དུ་ཨེ་ཤ་ཡ་གླིང་གི་མཉམ་ལས་ལག་ལེན་དུ་བསྟར་ནས་མཛམ་པོ་གླིང་མཐུན་སྒྲིལ་གཞོག་འདེགས་ཡོང་བའི་ཐུན་མོང་ངོས་འཛིན་གཅིག་ཏུ་བསྡུ་དགོས། ཨེ་ཤ་ཡ་གླིང་གི་སྒོ་འབྱེད་ལ་སྐུལ་འདེད་གཏོང་མཁན་བྱས་ཏེ་མཉམ་ལས་མཉམ་རྒྱལ་གྱི་འཛམ་གླིང་བསྐྲུན་པའི་མཉམ་ཤུགས་ཆེན་པོ་གྲུབ་པར་བྱ་དགོས། མཉམ་དུ་ཨེ་ཤ་ཡ་གླིང་གི་དཔལ་ཡོན་དར་སྤེལ་གཏོང་མཁན་བྱས་ནས་འཛམ་གླིང་གི་ཤེས་རིག་བརྗེ་རེས་དང་ཕན་ཚུན་དཔེ་ལྟ་བྱེད་པར་སྒུལ་ཤུགས་སྣོན་དགོས།
གླེང་སྟེགས་ལ་ཞུགས་པའི་སྐུ་མགྲོན་གྱིས་བསྟན་དོན། ཐེངས་འདིའི་གླེང་སྟེགས་ཀྱིས་ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏང་བར་ཡིད་ཆེས་དང་སྒུལ་ཤུགས་སྔར་ལས་མང་པོ་བསྩལ་བ་དང་། མཐུན་སྒྲིལ་གཞོག་འདེགས་ལ་ཤུགས་བསྣན་ནས་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པར་བྱས་རྗེས་འཇོག་འདོད་ཡོད་ཅེས་བསྟན།
མི་ཕམ་མགོན་པོས་བསྒྱུར།