མཚོ་སྔོན་ཞིང་ཆེན་ལྗང་མདོག་རྩིས་ནུས་ཐོན་ལས་ཀྱི་ཆེད་མཁས་པའི་བློ་འདོན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་ཟླ3པའི་ཚེས28ཉིན་པེ་ཅིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་ཆེད་མཁས་པའི་བློ་འདོན་ཨུ་ཡོན་ལྷན་ཁང་གི་ཁོངས་མིར་གདན་ཞུའི་ཡི་གེ་གནང་བར་མ་ཟད་གཏམ་བཤད།
ཚོགས་ཐོག་ཏུ། ཀྲུང་གོའི་བཟོ་སྐྲུན་གླིང་གི་ཡོན་ཧྲི། མ་འོངས་དབྱི་ཏུང་འཕྲིན་གཏོང་གླེང་སྟེགས་ཀྱི་ལས་འཛིན་འགོ་གཙོ་ཝུའུ་ཧི་ཆོན་དང་། རྒྱལ་ཁབ་ཆ་འཕྲིན་ལྟེ་གནས་ཀྱི་ཞིབ་འཇུག་པ་ལིས་ཞིན་ཡིའུ། ཀྲུང་གོ་ཚན་རིག་གླིང་རྩིས་རྒྱག་ལག་རྩལ་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཀྲང་ཡུན་ཆོན་སོགས་ཆེད་མཁས་པའི་བློ་འདོན་ཨུ་ཡོན་ལྷན་ཁང་གི་འཐུས་ཚབ་དང་། ཆེད་མཁས་པའི་ཚན་ཆུང་གི་ཚན་གཙོ། མཚོ་སྔོན་སློབ་ཆེན་གྱི་སློབ་གཙོ་ཧྲི་ཡོན་ཁྲུན་བཅས་ཀྱིས་སོ་སོར་གཏམ་བཤད། ཚང་མས་རང་སོ་སོའི་ཞིབ་འཇུག་ཁྱབ་ཁོངས་ལ་དམིགས་པ་དང་། མཚོ་སྔོན་གྱི་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་ཀྱི་གནས་བབ་དང་གོ་སྐབས། རེ་འདུན་གཙིགས་སུ་བཟུང་ནས། རང་ཞིང་གིས་མཐོ་སྒང་གི་ཐོན་ཁུངས་ནུས་ཁུངས་ཀྱི་དགེ་མཚན་ལ་རྒྱབ་བརྟེན་ནས་དག་གཙང་ནུས་ཁུངས་རྩིས་ནུས་སུ་བསྒྱུར་བའི་ཇུས་ཆོད་བཀོད་སྒྲིག་ལ་ཁས་ལེན་གང་ལེགས་བྱས་པར་མ་ཟད། མདུན་ལྟའི་རང་བཞིན་དང་མཛུབ་ཁྲིད་རང་བཞིན། ལག་ལེན་རང་བཞིན་ལྡན་པའི་གྲོས་གཞི་བཏོན།
ཁྲིན་ཀང་གིས་ནན་ཏན་སྒོས་ཉན་པ་དང་ཟིན་བྲིས་བཀོད་པར་མ་ཟད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་གདན་ཞུ་བྱས་པའི་ཡོན་ཧྲི་དང་ཆེད་མཁས་པ་རྣམས་ལ་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། མཚོ་སྔོན་ནི་རྨ་འབྲི་རྫ་གསུམ་གྱི་འབྱུང་ཡུལ་དང་ཀྲུང་ཧྭའི་ཆུ་མཛོད་ཡིན་པ་དང་། སྐྱེ་ཁམས་གོ་གནས་གལ་ཆེ་ཞིང་དམིགས་བསལ་ཡིན་ལ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བསྩལ་བའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཡིན་ལ། མཚོ་སྔོན་གྱིས་སྐྱེ་ཁམས་གཙོར་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པའི་ལག་ལེན་གྱི་ཐབས་ལམ་ཡང་ཡིན། མིག་སྔར། མཚོ་སྔོན་ལོ་རྒྱུས་སྟེང་གི་ཆེས་བཟང་བའི་འཕེལ་རྒྱས་ཀྱི་དུས་སྐབས་སུ་གནས་པ་དང་། དག་གཙང་ནུས་ཁུངས་དང་ལྗང་མདོག་རྩིས་ནུས་ཐད་ནས་ཀྱང་གནད་འགག་གི་དུས་སྐབས་སུ་སླེབས་ཡོད་ལ། ལྗང་མདོག་རྩིས་ནུས་སྣེ་ཁྲིད་དུ་བྱས་པའི་ཐོན་སྐྱེད་ནུས་ཤུགས་གསར་མ་མྱུར་དུ་འཕེལ་རྒྱས་སུ་གཏོང་རྒྱུ་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་དང་མཐུན་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དང་མཐུན་ལ། མཚོ་སྔོན་གྱིས་མཐུན་སྦྱོར་ངང་ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མངོན་སུམ་གྱི་དགོས་མཁོ་དང་མཐུན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བསྒྲུབ་འོས་པ་བསྒྲུབ་པ་དང་བསྒྲུབ་མི་འོས་པ་གཏན་ནས་མི་བསྒྲུབ་པའི་རིག་པ་གསལ་བོ་དང་། ལམ་འགྲིག་ན་ལམ་ཐག་ལ་མི་སྐྲག་པའི་བློ་རྩ་བརྟན་པོས་ལྗང་མདོག་རྩིས་ནུས་དེ་འཐབ་ཇུས་བྱེད་ཐབས་གལ་ཆེན་དུ་བརྩིས་ནས་དམ་འཛིན་བྱེད་རྒྱུ་ཡིན་པ་དང་། ཆེད་མཁས་པའི་བློ་འདོན་ཨུ་ཡོན་ལྷན་ཁང་གིས་འགན་ནུས་དང་འགན་འཁྲི་གཙིགས་སུ་འཛིན་པ་དང་། རིག་མཛོད་ཀྱི་ནུས་པ་འདོན་སྤེལ་བྱེད་པ། ཆེད་ལས་ཀྱི་སྟོབས་ཤུགས་ཕུལ་ནས། མཚོ་སྔོན་གྱི་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་སུ་གཏོང་ཆེད་བློ་འདོན་ཇུས་འབུལ་བྱེད་རྒྱུའི་རེ་བ་བཅངས་ཡོད་ལ། འབྲེལ་ཡོད་སྡེ་ཁག་དང་ས་ཁུལ་སོ་སོས་ཞབས་ཞུའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ཐབས་མང་ཕན་ལྡན་སྒོས་འགན་སྲུང་བཟང་བོར་བསྒྲུབ་ནས། ཡོན་ཧྲི་དང་ཆེད་མཁས་པས་བརྟག་བཤེར་ཞིབ་འཇུག་དང་གྲུབ་འབྲས་བརྩོན་ལེན། བློ་འདོན་ཇུས་འབུལ་བྱེད་པའི་ཐད་སྟབས་བདེའི་ཆ་རྐྱེན་དང་ཁོར་ཡུག་བཟང་བོ་བསྐྲུན་དགོས།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ལིན་ཧུའུ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་སྒྲུབ་ཐིན་གྱི་མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་རྩིས་ནུས་ཐོན་ལས་ཆེད་མཁས་པའི་བློ་འདོན་ཨུ་ཡོན་ལྷན་ཁང་འཛུགས་པའི་སྐོར་གྱི་བརྡ་སྦྱོར་སྒྲོག་འདོན་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཀྲུའུ་ཞང་ཧྥིན་གྲོས་ཚོགས་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།