ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཧྲང་ཅང་དམག་དཔོན་ལ་གོ་ཐོབ་སྤྲོད་པའི་མཛད་སྒོ་བསྡུས།
2024.03.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 52

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཧྲང་ཅང་དམག་དཔོན་ལ་གོ་ཐོབ་སྤྲོད་པའི་མཛད་སྒོ་དེ་ཚེས28ཉིན་པེ་ཅིང་བརྒྱད་གཅིག་ཐོག་ཁང་ཆེན་མོ་རུ་བསྡུས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གོ་ཐོབ་སྤྲོད་པའི་མཛད་སྒོར་ཞུགས།

ཟླ3པའི་ཚེས28ཉིན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཧྲང་ཅང་དམག་དཔོན་ལ་གོ་ཐོབ་སྤྲོད་པའི་མཛད་སྒོ་དེ་པེ་ཅིང་བརྒྱད་གཅིག་ཐོག་ཁང་ཆེན་མོ་རུ་བསྡུས། འདི་ནི་ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་གྱིས་ཧྲང་ཅང་དམག་དཔོན་གྱི་གོ་ཐོབ་སྤྲད་པའི་དམག་དཔོན་དང་མཉམ་དུ་སྐུ་པར་བསྐྱོན་པའི་རྣམ་པ་རེད།

ཕྱི་དྲོའི་ཆུ་ཚོད་ལྔའི་སྟེང་དུ། གོ་ཐོབ་སྤྲོད་པའི་མཛད་སྒོ་དེ་བརྗིད་ཉམས་ཆེ་བའི་རྒྱལ་གླུའི་ཁྲོད་སྤེལ་མགོ་བརྩམས་པ་དང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞ་ཡིས་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཚན་བཀོད་པའི་ཧྲང་ཅང་དམག་དཔོན་ལ་གོ་ཐོབ་སྤྲོད་རྒྱུའི་བཀའ་རྒྱ་སྒྲོག་འདོན་བྱས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཧི་ཝེ་ཏུང་གིས་གོ་ཐོབ་སྤྲོད་པའི་མཛད་སྒོར་འགོ་འཛིན་བྱས།

ད་ཐེངས་ཧྲང་ཅང་དམག་དཔོན་གྱི་གོ་ཐོབ་སྤྲད་པའི་དམག་དཔོན་ནི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་སྲིད་ཁྲིམས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་རིན་ཧྭ་དང་རྒྱལ་སྲུང་སློབ་ཆེན་གྱི་སློབ་གཙོ་ཞའོ་ཐེན་ལེང་གཉིས་རེད།

ཧྲང་ཅང་དམག་དཔོན་གྱི་གོ་ཐོབ་སྤྲད་པའི་དམག་དཔོན་གཉིས་དཔའ་ཉམས་དོད་པོའི་ངང་ཀྲུའུ་ཞི་སྟེགས་བུའི་མདུན་ཐད་དུ་ཐོན་པ་ན། ཞི་ཅིན་ཕིང་གིས་ཁོ་གཉིས་ལ་བཀའ་རྒྱའི་དཔང་ཡིག་སྤྲད་ནས་རྟེན་འབྲེལ་ཞུས། ཧྲང་ཅང་དམག་དཔོན་གྱི་གོ་ཐོབ་དཔུང་རྟགས་བཏགས་པའི་དམག་དཔོན་གཉིས་ཀྱིས་ཞི་ཅིན་ཕིང་ལ་གུས་འདུད་ཞུས་པ་དང་། མཛད་སྒོར་ཞུགས་མཁན་གྱི་བློ་མཐུན་ཡོངས་ལ་གུས་འདུད་ཞུས་པ་ན། ཚོགས་ར་ཡོངས་སུ་ཐལ་མོ་རྡེབ་སྒྲས་ཁེངས།

གོ་ཐོབ་སྤྲོད་པའི་མཛད་སྒོ་དེ་དམག་གླུའི་འགྲོས་དང་བསྟུན་ནས་གྲོལ། དེའི་རྗེས་སུ་ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་གྱིས་ཧྲང་ཅང་དམག་དཔོན་གྱི་གོ་ཐོབ་སྤྲད་པའི་དམག་དཔོན་དང་མཉམ་དུ་སྐུ་པར་བསྐྱོན།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལིའུ་ཀྲིན་ལིས་དང་མེའོ་ཧྭ། ཀྲང་ཧྲིན་མེན་བཅས་དང་། དམག་དོན་ཨུ་ཡོན་ལྷན་ཁང་ལས་ཁུངས་ཀྱི་སྡེ་ཁག་སོ་སོ་དང་པེ་ཅིང་དུ་སྡོད་པའི་དམག་དཔུང་གི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་སོགས་གོ་ཐོབ་སྤྲོད་པའི་མཛད་སྒོར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།