རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཧ་སག་སི་ཐན་གྱི་ཙུང་ཐུང་ཐའོ་ཁཱ་ཡེ་ཧྥུའུ་ཡིས་སོ་སོར་ཀྲུང་གོའི“ཧ་སག་སི་ཐན་ཡུལ་སྐོར་ལོའི”འགོ་རྩོམ་མཛད་སྒོར་འཕྲིན་ཡིག་བསྐུར་ནས་རྟེན་འབྲེལ་ཞུས།
2024.03.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ3ཚེས29ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཧ་སག་སི་ཐན་གྱི་ཙུང་ཐུང་ཐའོ་ཁཱ་ཡེ་ཧྥུའུ་ཡིས་སོ་སོར་ཀྲུང་གོའི“ཧ་སག་སི་ཐན་ཡུལ་སྐོར་ལོའི”འགོ་རྩོམ་མཛད་སྒོར་འཕྲིན་ཡིག་བསྐུར་ནས་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཧ་སག་སི་ཐན་ནི་ཁྱིམ་མཚེས་བཟང་པོ་དང་གྲོགས་པོ་བཟང་པོ། ཟླ་གྲོགས་བཟང་པོ་བཅས་ཡིན་པ་དང་། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་ལོ་སྟོང་ཕྲག་རིང་གི་མཛའ་མཐུན་འགྲོ་འོང་གི་ལོ་རྒྱུས་ཡོད་ཅིང་། གནའ་བོའི་དར་གོས་ཚོང་ལམ་གྱི་ཤེས་རིག་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་མཛེས་སྡུག་ལྡན་པའི་ལེའུ་མཉམ་དུ་བརྩམས་ཡོད། 2013ལོར་ངས་ཧ་སག་སི་ཐན་དུ“དར་གོས་ཚོང་ལམ་གྱི་དཔལ་འབྱོར་ཁུལ”མཉམ་དུ་བསྐྲུན་རྒྱུའི་གྲོས་འགོ་ཐོག་མར་བཏོན་པ་ཡིན། ལོ་ངོ་བཅུ་ལྷག་གི་རིང་ལ། རྒྱལ་ཁབ་གཉིས་ཀས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་གཙོ་གནད་དུ་བཟུང་ནས། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་དང་། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་ཕན་པ་དངོས་ཐོབ་ནས། ཀྲུང་གོ་དང་ཧ་སག་སི་ཐན་གྱི་ལོ་ངོ་སྟོང་གི་དར་གོས་ཚོང་ལམ་གྱི་མཛའ་མཐུན་འབྲེལ་བར་གསོན་ཤུགས་གསར་པ་བསྣན་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་རིག་གནས་བརྗེས་རེས་དང་ཡུལ་སྐོར་མཉམ་ལས་ནི། ཀྲུང་གོ་དང་ཧ་སག་སི་ཐན་བར་གྱི་དམངས་སེམས་གཅིག་མཐུན་ཡོང་བར་བྱེད་པའི་འབྲེལ་ཟམ་དང་འབྲེལ་ཐག་གལ་ཆེན་ཞིག་ཡིན། ཉེ་བའི་ལོ་འདི་དག་གི་རིང་ལ། རྒྱལ་ཁབ་གཉིས་ཀའི་མི་གཞུང་རིག་གནས་བརྗེ་རེས་མཉམ་ལས་མུ་མཐུད་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དང་། ཕན་ཚུན་བར་ཐོངས་མཆན་འགོད་མི་དགོས་པའི་གྲོས་ཆོད་ཀྱིས་སྔར་བཞིན་གོ་ཆོད་ཡོད་ལ། ཕན་ཚུན་རིག་གནས་ལྟེ་གནས་འཛུགས་རྒྱུའི་གྲོས་ཆོད་ལ་མིང་རྟགས་བཀོད་པར་མ་ཟད། ལུའུ་པན་བཟོ་གྲྭར་དོན་འཁྱོལ་བྱུང་ཡོད། དེ་མིན་ད་དུང་ན་གཞོན་བར་བརྗེ་རེས་བྱེད་དང་བྱེད་མུས་ཡིན་པའི་གཏམ་བཟང་གང་སར་ཐོས་ཐུབ། མི་སྣ་འགྲོ་འོང་ཉིན་བཞིན་ཇེ་ཆེར་སོང་བ་དང་མི་དམངས་ཀྱི་མཛའ་མཐུན་རྨང་གཞི་སྔར་ལས་ཇེ་བརྟན་དུ་སོང་ཡོད། ན་ནིང་ང་དང་ཙུང་ཐུང་ཐའོ་ཁཱ་ཡེ་ཧྥུའུ་ཡིས2024ལོ་ནི་ཀྲུང་གོའི་ཧ་སག་སི་ཐན་གྱི་ཡུལ་སྐོར་ལོ་ཡིན་ཞེས་མཉམ་དུ་ཁྱབ་སྒྲོག་བྱས་ཡོད། རྒྱལ་ཁབ་གཉིས་ཀས་ཡུལ་སྐོར་ལོ་གོ་སྐབས་སུ་བརྩིས་ཏེ། ཡུལ་སྐོར་མཉམ་ལས་ཟབ་སྤེལ་བྱེད་རྒྱུ་དང་མི་སྣ་འགྲོ་འོང་བྱེད་ཚད་སྔར་ལས་ཇེ་མང་དུ་གཏོང་བ། ལོ་ངོ་སྟོང་གི་མཛའ་མཐུན་འབྲེལ་བ་སྔར་ལས་ཇེ་དམ་དུ་གཏོང་བ། མཉམ་དུ་ལག་གདང་སྦྲེལ་ནས་ཀྲུང་གོ་དང་ཧ་སག་སི་ཐན་གྱི་འབྲེལ་བའི“གསེར་ལས་དཀོན་པོའི་ལོ་ངོ་སུམ་ཅུ”གསར་པ་སྐྲུན་པ་བཅས་བྱས་ཏེ། ཀྲུང་གོ་དང་ཧ་སག་སི་ཐན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་སྐྲུན་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་ལྟོས་ཆེ་ཞེས་ནན་གྱིས་གསུངས།

ཐའོ་ཁཱ་ཡེ་ཧྥུའུ་ཡིས་རྟེན་འབྲེལ་འཕྲིན་ཡིག་ནང་། ཧ་སག་སི་ཐན་དང་ཀྲུང་གོ་ནི་ཕན་ཚུན་མཛའ་མཐུན་གྱི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པའི་ཆ་ནས། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་སྔར་ལས་ཇེ་ཆེར་སོང་བ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གྲུབ་འབྲས་ཆེན་པོ་ཐོབ་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི“གསེར་ལས་དཀོན་པོའི་ལོ་ངོ་སུམ་ཅུ”གསར་པ་སྐྲུན་རྒྱུར་རྩེ་གཅིག་ཏུ་འབད་བཞིན་ཡོད། ཧ་སག་སི་ཐན་གྱི་ལོ་རྒྱུས་རིག་གནས་ཀྱི་རྒྱུན་རིང་ཞིང་གནས་འདི་གར་གནའ་ཤུལ་གནས་མཆོག་གང་མང་ཡོད་ལ། གནས་འདིའི་རང་བྱུང་མཛེས་ལྗོངས་ལྟ་ན་སྡུག་ཅིང་གནས་འདིའི་མི་དམངས་མ་གཞི་ནས་མགྲོན་འབོད་ལ་དགའ་བ་བཅས་ཀྱི་དབང་གིས། ཀྲུང་གོའི་ཡུལ་སྐོར་བས་ཆེས་དགའ་པོ་བྱེད་སའི་ཡུལ་སྐོར་བྱེད་ས་ཞིག་ཏུ་འགྱུར་ཁོ་ཐག་ཡིན། ཧ་སག་སི་ཐན་ཕྱོགས་ཀྱིས་ཡུལ་སྐོར་ལོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས། ཀྲུང་གོའི་ཡུལ་སྐོར་བས་ཧ་སག་སི་ཐན་ལ་རྒྱུས་ལོན་སྔར་ལས་ཟབ་མོ་བྱེད་རྒྱུ་དང་། ཧ་སག་སི་ཐན་དང་ཀྲུང་གོའི་མི་རབས་ནས་མི་རབས་བར་གྱི་མཛའ་མཐུན་འབྲེལ་བ་སྔར་ལས་ཇེ་བརྟན་དུ་བཏང་ནས། རྒྱལ་ཁབ་གཉིས་ཀའི་ཡུན་རིང་གི་ཕྱོགས་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བར་སྒུལ་ཤུགས་གསར་པ་གང་མང་སྣོན་རྒྱུ་ཡིན་ཞེས་བསྟན།

2024ལོའིཀྲུང་གོའི“ཧ་སག་སི་ཐན་གྱི་ཡུལ་སྐོར་ལོ”ཞེས་པ་ཉིན་དེར་པེ་ཅིང་དུ་སྤེལ་འགོ་བརྩམས་པ་དང་། བྱེད་སྒོ་དེ་ཀྲུང་གོའི་རིག་གནས་དང་ཡུལ་སྐོར་པུའུ་དང་། ཧ་སག་སི་ཐན་གྱི་ཡུལ་སྐོར་དང་ལུས་རྩལ་པུའུ་ཡིས་མཉམ་འབྲེལ་སྒོས་བསྒྲུབས།

བན་དེ་སྐྱབས་ཀྱིས་བསྒྱུར།