རྒྱལ་ཡོངས་སྲིད་གྲོས་ཀྱིས་གཟའ་འཁོར་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་བསྡུས།
2024.03.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ3ཚེས29ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གཟའ་འཁོར་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་ཐེངས་བཅུ་དྲུག་པ་པེ་ཅིང་དུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚོགས་འདུར་འགོ་འཛིན་གནང་། ཁོང་གིས་ཀྲུང་གུང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་ཚོང་གཉེར་ཁོར་ཡུག་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་བཙུགས་ནས། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་མོ་བསྐྲུན་ཤུགས་སྔར་ལས་ཇེ་མགྱོགས་སུ་བཏང་བ་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་ནུས་ལྡན་བཏང་སྟེ། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་མུ་མཐུད་བསྐྲུན་ཡོད། མི་དམངས་སྲིད་གྲོས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚོང་གཉེར་ཁོར་ཡུག་འཛུགས་སྐྲུན་སྐོར་གྱི་རྣམ་བཤད་གལ་ཆེན་དང་། ཀྲུང་གུང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱར་སློབ་སྦྱོང་མཐར་ཕྱིན་དང་དེར་གོ་བ་ཟབ་མོ་བླངས་ནས། ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་བྱེད་ཐབས་དང་ནུས་ཤུགས་གང་ཡོད་འདོན་དགོས་ཞེས་གསུངས།

ཝང་ཧུའུ་ཉིང་གིས་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་གཙོ་གནད་གནད་དོན་ལ་དམ་པོར་དམིགས་ནས་ཞིབ་འཇུག་དང་རིགས་པས་ཁུངས་སྐྱེལ་གཏིང་ཟབ་བྱས་ཏེ། དམིགས་འབེན་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་བའི་ཐབས་ཇུས་དང་གྲོས་འགོ་གང་མང་འདོན་དགོས། ཚོང་གཉེར་ཁོར་ཡུག་འཛུགས་སྐྲུན་ཁྲོད་ཀྱི་གནས་ཚུལ་དང་གནད་དོན་དུས་ཐོག་ཏུ་སྙན་ཞུ་ཕུལ་ནས། སྲིད་ཇུས་ཇེ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ཐད་སྐུལ་འདེད་གཏོང་དགོས། དུས་རབས་གསར་པ་ནས་བཟུང་རང་རྒྱལ་གྱིས་ཚོང་གཉེར་ཁོར་ཡུག་ཟམ་མི་ཆད་པར་ཇེ་ལེགས་སུ་གཏོང་བའི་ཐད་ཐོབ་པའི་འཕེལ་རྒྱས་གལ་ཆེན་རྒྱ་ཁྱབ་ངང་དྲིལ་སྒྲོག་དང་ངོ་སྤྲོད་བྱེད་རྒྱུ་དང་། “གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”དང“འགྱུར་མེད་གསུམ”སོགས་ཀྱི་སྲིད་ཇུས་ཆེན་པོའི་བྱེད་ཕྱོགས་དྲིལ་སྒྲོག་ཧུར་ཐག་བྱས་ཏེ། རང་འགུལ་ངང་ཚོང་གཉེར་ཁོར་ཡུག་བཟང་པོ་སྐྲུན་མཁན་དང་དེའི་ནང་ཞུགས་མཁན། དེར་སྐུལ་འདེད་གཏོང་མཁན་བཅས་བྱེད་དགོས་ཞེས་གསུངས།

ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཁྲིམས་འཛིན་པུའུ་ཚོང་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པར་མ་ཟད། སྲིད་གྲོས་ཨུ་ཡོན་དང་ལྷན་དུ་གྲོས་མོལ་བརྗེ་རེས་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།