མཚོ་སྔོན་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་ཀྱི་མཚམས་སྦྱོར་ཚོགས་འདུ་པེ་ཅིང་ནས་བསྡུས།
2024.03.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་གསུམ་པའི་ཚེས་ཉེར་དགུ་ཉིན། མཐོ་སྒང་སྐྱེ་ཁམས་ལ་སྲུང་སྐྱོབ་དང་ལྗང་མདོག་མ་འོངས་པ་འཕེལ་རྒྱས་སུ་གཏོང་བ་བརྗོད་སྙིང་ཡིན་པའི་མཚོ་སྔོན་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་ཀྱི་མཚམས་སྦྱོར་ཚོགས་འདུ་པེ་ཅིང་ནས་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཁོངས་མི། རྒྱལ་ཁབ་གཞི་གྲངས་ཅུའུ་ཡི་ཅུའུ་ཀྲང་ལིའུ་ལེ་ཧོང་། རྒྱལ་ཁབ་ནུས་ཁུངས་ཅུའུ་ཡི་སྤྱི་ཁྱབ་བཟོ་སྐྲུན་པ་ཞང་ཧེ་ཕིང་བཅས་ཀྱིས་སོ་སོར་ཞུ་ཚིག་ཕུལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མཚོ་སྔོན་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་བྱ་བ་མཚམས་སྦྱོར་བྱས།

ཁྲིན་ཀང་གིས་ཞུ་ཚིག་འབུལ་སྐབས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་མི་དམངས་བཅས་ཀྱི་ཚབ་བྱས་ཏེ། ལས་རིགས་སོ་སོའི་སྐུ་མགྲོན་རྣམས་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་། དུས་ཡུན་རིང་བོར་མཚོ་སྔོན་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་པར་སྙིང་ཐག་པ་ནས་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སེམས་ཁོང་དུ་ཚད་ངེས་ཅན་ཟིན་ཡོད་ཅིང་། ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འབྲེལ་བ་ཐག་གཅོད་བཟང་བོ་བྱེད་པ་དང་། འཕེལ་རྒྱས་ཐད་ནས་སྒྲུབ་དགོས་པའི་བྱ་བ་བསྒྲུབས་པ་དང་བསྒྲུབ་མི་འོས་པའི་བྱ་བ་མི་བསྒྲུབས་པ་རྒྱུན་འཁྱོངས་བྱེད་པར་གལ་འགངས་ཧ་ཅང་ཆེ། མཚོ་སྔོན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་པའི་ཕྱོགས་སུ་མདུན་བསྐྱོད་བྱེད་པ་དང་། ཐཱན་གཉིས་དམིགས་འབེན་མངོན་འགྱུར་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཐད་མཚོ་སྔོན་གྱི་སྟོབས་ཤུགས་ཕུལ་ཅིང་། མཐོ་སྒང་གི་ཐོན་ཁུངས་རང་མདངས་ལ་རྐང་བཙུགས་ནས། ཐོག་མར་ཆགས་པའི་ནུས་ཁུངས་ཁྱད་སྟོབས་འདོན་སྤེལ་དངང་། ལྗང་མདོག་གློག་ཤུགས་ནས་ལྗང་མདོག་རྩིས་ནུས་སུ་སྤོ་བསྒྱུར་བྱེད་པ་ནི་ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་སུ་བཏང་བ་ཡིན་ལ། དག་གཙང་ནུས་ཁུངས་ཀྱི་ཁྱད་སྟོབས་དེ་འཕེལ་རྒྱས་ཁྱད་སྟོབས་སུ་བསྒྱུར་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ཕུན་སུམ་ཚོགས་པའི་ཉི་འོད་ནུས་པ་དང་རླུང་ནུས། ཆུ་ནུས། སའི་ཚ་ནུས། དེ་མིན་མུ་མཐའ་བྲལ་བའི་བྱེ་འགྱུར་ས་ཞིང་བཅས་ལས་མཚོ་སྔོན་ལ་ཐུན་མོང་མ་ཡིན་ཞིང་འཐུས་སྒོ་ཚང་བའི་དག་གཙང་ནུས་ཁུངས་ཀྱི་ཁྱད་སྟོབས་བསྩལ་ཡོད། འཁྱག་བསིལ་གྱི་ནམ་ཟླ་དང་དག་གཙང་གི་མཁའ་དབུགས།ཐན་སྐམ་ཆེ་བའི་ཁོར་ཡུག་བཅས་ལས་གཞི་གྲངས་ཆེན་མོའི་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་རང་བྱུང་གི་གནས་ས་བཟང་བོ་བསྐྲུན་ཡོད་པ་དང་།མཚོ་སྔོན་གྱིས་ལྗང་མདོག་རྩིས་ནུས་འཕེལ་རྒྱས་སུ་གཏོང་བར་ཡུལ་དུས་དང་མིའི་དགེ་མཚན་མ་ལུས་པ་ཚང་ཡོད་ལ།སྦས་ཤུགས་ཆེ་བ་དང་མདུན་ལྗོངས་རྒྱ་ཆེན་པོ་ཡོད།ལྷག་བསམ་རྣམ་དག་གིས་ལས་རིགས་གཅིག་པའི་མི་སྣ་དང་སྐད་གྲགས་ཆེ་བའི་ཆེད་མཁས་པ།ལས་རིགས་སོ་སོའི་མཁས་པ་བཅས་མཚོ་སྔོན་དུ་ཡོང་ནས་མཚོ་སྔོན་ལ་རྒྱུས་ལོན་བྱེད་པ་དང་།ལག་རྡང་སྦྲེལ་ནས་མཐོ་སྒང་སྐྱེ་ཁམས་སྲུང་སྐྱོབ་དང་ལྗང་མདོག་མ་འོངས་པ་འཕེལ་རྒྱས་སུ་བཏང་སྟེ།རི་གཉིས་སྤོར་བསྒྱུར་གྱི་དུས་རབས་རྒྱུགས་གཞི་མཉམ་དུ་འབྲི་དགོས།

ལིའུ་ཧོང་གིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར།ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྩིས་ནུས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་མཐོང་ཆེན་བྱེད་བཞིན་ཡོད།རྒྱལ་ཡོངས་གཞི་གཅིག་ཅན་གྱི་རྩིས་ནུས་མ་ལག་འཛུགས་སྐྲུན་བྱེད་པ་དང་།ནུས་ཁུངས་མང་བོའི་རྩིས་ནུས་གཞི་གཅིག་ཅན་གྱི་བཀོད་སྒྲིག་ལ་གཅིག་འདོམ་དང་ཤར་དབུས་ནུབ་ཕྱོགས་ཀྱི་རྩིས་ནུས་གཞི་གཅིག་ཅན་གྱི་རོགས་ལས་ལ་གཅིག་འདོམ་བྱེད་པ།རྩིས་ནུས་དང་གཞི་གྲངས།རྩིས་ནུས་གཞི་གཅིག་ཅན་གྱི་བཀོལ་སྤྱོད་ལ་གཅིག་འདོམ་བྱེད་པ།རྩིས་ནུས་ཀྱི་འཕེལ་རྒྱས་དང་བདེ་འཇགས་འགན་སྲུང་གི་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་བར་གཅིག་འདོམས་བྱས་ཡོད།རྒྱལ་ཁབ་གཞི་གྲངས་ཅུའུ་ཡིས་གཞི་གྲངས་རྒྱུ་ཆའི་ཚོང་ར་ཅན་གྱི་བཀོད་སྒྲིག་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ་དང་།སྤུས་ཚད་མཐོ་བའི་རྩིས་ནུས་མཁོ་འདོན་མ་ལག་འཛུགས་པ།ས་ཁོངས་བརྒལ་བའི་མཐུན་སྦྱོར་མཉམ་འབྲེལ་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་པ།ཤར་གྲངས་ནུབ་རྩིས་ཀྱི་དྲ་རྒྱའི་བརྒྱུད་སྤྲོད་ནུས་པ་མཐོར་འདེགས་བྱས་ཏེ་རྩིས་ནུས་ཀྱི་ཐོན་ལས་སྐྱེ་ཁམས་གསོ་སྤེལ་དང་།རྩིས་ནུས་གློག་ཤུགས་རོགས་ལས་ནུས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།རྩིས་ནུས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་གཞི་གྲངས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཞོགས་འདེགས་བྱས་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་སུ་གཏོང་བའི་སྒུལ་ནུས་གསར་བར་རམ་འདེགས་བྱེད་དགོས།མཚོ་སྔོན་གྱིས་གཞི་གྲངས་ཆེན་མོའི་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་རང་བྱུང་ཆ་རྐྱེན་དང་ཐོན་ཁུངས་ཁྱད་སྟོབས་ལ་བརྟེན་ནས།དག་གཙང་ནུས་ཁུངས་དང་ལྗང་མདོག་རྩིས་ནུས་ཀྱི་མཉམ་འདྲེས་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་།རྒྱལ་ཡོངས་ཀྱི་གཞི་གཅིག་ཅན་གྱི་རྩིས་ནུས་དྲ་རྒྱའི་མ་ལག་དང་འདྲིས་པར་བྱས་ཏེ།ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཤུགས་རྐྱེན་ཟབ་མོ་ཐེབས་ནས།ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་སྐབས་མཚོ་སྔོན་དར་རྒྱས་ཀྱི་ལེའུ་གསར་བ་འབྲི་དགོས་ཟེར།

ཝུའུ་ཞའོ་ཅུན་གྱིས་མཚམས་སྦྱོར་བྱེད་སྐབས་བཤད་རྒྱུར།སྐོར་ཐེངས་གསར་བའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་བཅོས་བསྒྱུར་མདུན་ནས་ལྗང་མདོག་རྩིས་ནུས་ཐོན་ལས་གསར་བསྐྲུན་བྱས་ཤིང་།ལྗང་མདོག་གློག་དེ་ལྗང་མདོག་རྩིས་ནུས་སུ་བསྒྱུར་བ་དང་།ལྗང་མདོག་རྩིས་ནུས་ཀྱིས་མ་འོངས་པ་གསར་མ་འབྲི་བཞེངས་བྱེད་པ་ནི་ང་ཚོའི་འགན་འཁྲི་དང་གདམ་གསེས་ཡིན།གཅིག་ནས་ང་ཚོར་ཁྱད་སྟོབས་ལྡན།བྱེ་བྲག་ཏུ་ནུས་ཁུངས་འདང་པ་དང་གློག་རིན་དམའ་བ།ལྗང་མདོག་གློག་གི་ཁྱད་སྟོབས།ནམ་ཟླ་བཟང་བ།ནུས་ཟད་ཉུང་བ།ཡོང་འབབ་མཐོ་བ་བཅས་ཡིན་ལ།རྒྱལ་ཁབ་ཀྱིས་འཆར་འགོད་གཏན་འཁེལ་བྱས་པའི་དག་གཙང་ནུས་ཁུངས་རྟེན་གཞི་ཆེ་གྲས་ཡིན་པ་དང་།གཞི་གྲངས་བདེ་འཇགས་གསོག་ཉར་གྱི་འཐབ་ཇུས་རྟེན་གཞི་ཡིན་པས།ལྗང་མདོག་རྩིས་ནུས་ཐོན་ལས་ཀྱི་འཕེལ་རྒྱས་ཐད་འདེགས་སྐྱོར་ནུས་ལྡན་བྱས་ཡོད།གཉིས་ནས་ང་ཚོས་འགུལ་སྐྱོད་སྤེལ་བཞིན་ཡོད།ཤར་གྲགས་ནུབ་བརྩི་དང་ཤར་གྲངས་ནུབ་གསོག ཤར་གྲངས་ནུབ་སྦྱོང་།མིས་བཟོས་རིག་ནུས་སོགས་ཀྱི་གོ་སྐབས་གལ་ཆེན་དམ་འཛིན་བྱས་ཤིང་།གཞི་གྲངས་ཐོན་ཁུངས་དང་ལས་གཞི་གལ་ཆེན།སྣེ་ཁྲིད་ཁེ་ལས།ཐོན་ལས་གཙོ་བོ།ཚན་རྩལ་གསར་གཏོད་སྟེགས་བུ།ཆེད་ལས་འཇོན་མིའི་སྐོར་ཁག་དང་པོ་དྲུག་གི་བཟོ་སྐྲུན་ལ་སྐུལ་འདེད་བཏང་སྟེ།སྟོབས་ཤུགས་གཅིག་བསྡུས་ཀྱིས་ལྗང་མདོག་རྩིས་ནུས་ཚོང་རྟགས་གསར་བསྐྲུན་དང་།འཕེལ་རྒྱས་རྨང་གཞི་སྔར་ལས་བཟང་བ་དང་སྲིད་ཇུས་རྒྱབ་སྐྱོར་ལྷག་ཏུ་བཟང་བ།ཐོན་ལས་འཕེལ་རྒྱས་སྟོབས་དང་ལྡན་པར་བྱས་ཏེ།ཁྱབ་ཁོངས་མི་ཉུང་བར་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་བསླེབས་ཡོད།གསུམ་ནས་ང་ཚོས་མཉམ་རྒྱལ་ལ་ཡར་སྐུལ་བྱས་ཡོད།ལྷག་བསམ་རྣམ་དག་གིས་ལས་རིགས་སོ་སོའི་གྲོགས་པོ་དག་གིས་སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་ལ་རྒྱུས་ལོན་དང་མཚོ་སྔོན་ལ་དངུལ་གཏོང་།མཚོ་སྔོན་དར་རྒྱས་སུ་བཏང་སྟེ།རྩིས་ནུས་མཁོ་འདོན་མཐོར་འདེགས་དང་ལྗང་མདོག་གློག་གི་འགན་སྲུང་ལ་སྐུལ་འདེད་གཏོང་བ།ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་པ།དངུལ་ལོར་བེད་སྤྱོད་རྒྱ་བསྐྱེད་པའི་ཐད་ནས་མཉམ་ལས་གང་ལེགས་བྱེད་པ།གྲངས་ལྡན་རྩིས་ནུས་མཉམ་འཛུགས་དང་མ་འོངས་པ་གསར་མ་མཉམ་སྐྲུན་བྱེད་དགོས།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ལིན་ཧུའུ་ཡིས་མཚམས་སྦྱོར་ཚོགས་འདུར་མགོ་འཛིན་བྱས།ཧྲིན་ཀྲང་གཞོན་པ་ལིའུ་ཁྲའོ་ཡིས་མཚོ་སྔོན་འཁྱག་མཚོའི་འཛམ་གླིང་རིམ་པའི་གནམ་དཔྱད་ལྟ་ཞིབ་རྟེན་གཞི་དངང་གནམ་དཔྱད་གཞི་གྲངས་ཆེན་མོའི་ལས་གཞི་མཚམས་སྦྱོར་བྱས།ཀྲུང་གོའི་སྤོ་སྒུལ་འཕྲིན་གཏོང་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་རྐང་གཉེར་དབུ་གཙོ་དབྱང་ཅེ་དང་།ཀྲུང་གོའི་མཉམ་འབྲེལ་དྲ་རྒྱའི་འཕྲིན་གཏོང་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་རྐང་གཉེར་དབུ་གཙོ་ཁྲིན་ཀྲུང་ཡའོ།གསུམ་དྲུག་ཐིག་སྡེ་ཚོགས་ཀྱི་སྲོལ་འབྱེད་མཁན།རྐང་གཉེར་དབུ་གཙོ་ཀྲོའུ་ཧོང་ཝེ།ཚན་རིག་སློབ་ཆེན་ཞོན་ཧྥེ་མ་རྐང་ཚད་ཡོད་ཀུང་ཟིའི་རྐང་གཉེར་དབུ་གཙོ་ལིའུ་ཆིན་ཧྥུན།ཀྲུང་གོའི་བཟོ་སྐྲུན་གླིང་གི་ཡོན་ཧྲི།ཆིན་ཧྭ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཀྲིན་ཝེ་མེན་བཅས་ཀྱི་གཙོ་གནད་གཏམ་བཤད་སྤེལ།རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་ཟིའི་སྤྱི་གཉེར་བ་གཞོན་པ་ཅིན་ཝེ་དང་།ཧྲིན་ཀྲང་གཞོན་པ་ཝང་ཧེ་ཧོང་གིས་ཉིས་སྟོང་ཉེར་གསུམ་ལོར་མཚོ་སྔོན་གྱིས་ལྗང་མདོག་གློག་བེད་སྤྱོད་བྱས་པའི་གཞི་གྲངས་ཁེ་ལས་བཅུར་མཚོ་སྔོན་ལྗང་མདོག་གློག་ཤུགས་བེད་སྤྱོད་དཔང་ཡིག་བྱིན་པ་དང་།ལྗང་མདོག་རྩིས་ནུས་ཁྱབ་ཁོངས་ཀྱི་མཉམ་ལས་ལས་གཞི་བརྒྱད་ལ་གཅིག་བསྡུས་ཀྱིས་ཆིངས་ཡིག་བཀོད།

རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུ་དང་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར།ཀྲུང་དབྱང་ཁེ་ལས།མཉམ་འབྲེལ་དྲ་བ།འབྲེལ་ཡོད་ཁེ་ལས་ཀྱི་མགོ་ཁྲིད་པ།ཡོན་ཧྲི་དང་ཆེད་མཁས་པ།ཞིང་ཆེན་གྱི་མགོ་ཁྲིད་པ་ཝང་ཏཱ་ནན་དང་ཀྲུའུ་ཞང་ཧྥུན།ཀྲུང་དབྱང་ཁེ་ལས་ཉི་ཤུ།མཐོ་རིམ་སློབ་གླིང་དང་ཞིབ་འཇུག་ལས་ཁུངས་ཉེར་དགུ།མཉམ་འབྲེལ་དྲ་བའི་འབྲེལ་ཡོད་ཁེ་ལས་བརྒྱ་དང་ལྔ།དངུལ་ལོར་ལས་ཁུངས་ཉེར་བརྒྱད།ནུས་ཁུངས་གསར་བའི་ཁེ་ལས་བཅོ་ལྔ་བཅས་ཚོགས་འདུར་ཞུགས།ཚོགས་འདུ་མ་བསྡུས་གོང་ཚོགས་ཞུགས་མགོ་ཁྲིད་པས་མཚོ་སྔོན་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་མཚམས་སྦྱོར་འགྲེམ་སྟོན་ལ་ཞུགས།


བསོད་ནམས་ཚེ་རིང་གིས་བསྒྱུར།