ཀྲའོ་ལི་ཅི་ཡིས་ཧའེ་ནན་དུ་རྟོག་ཞིབ་གནང་།
2024.03.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས29ཉིན་ནས་ཚེས30ཉིན་བར་ཧའེ་ནན་དུ་རྟོག་ཞིབ་གནང་། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་ཡང་དག་ཆུད་པར་བྱེད་པ་དང་། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། ཏང་ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་འཐབ་ཇུས་བཀོད་སྒྲིག་དང་ལས་འགན་བྱེད་ཐབས་རེ་རེ་བཞིན་དོན་འཁྱོལ་བྱས་ནས། བརྟན་ཐོག་ཡར་འཕེལ་ཡོང་བར་བྱས་ཏེ། དམངས་ཆེན་ལས་དོན་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་གསུངས།

ཀྲའོ་ལི་ཅི་ཡིས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་དོན་ལྡན་གཏོང་བ་དང་། གྲོང་གསེབ་བཅོས་སྐྱོང་གི་བྱ་བ་ཏན་ཏིག་ངང་བསྒྲུབས་ནས། མང་ཚོགས་མཉམ་ཞུགས་དང་མཉམ་གྲོས། མཉམ་དུ་དོན་འཁྱོལ་བཅས་བྱེད་དུ་བཅུག་ནས། ཕྱོགས་སོ་སོའི་ཧུར་བརྩོན་རང་བཞིན་དང་རང་རྟོགས་རང་བཞིན། གསར་གཏོད་རང་བཞིན་བཅས་བསྡུ་ལེན་བྱེད་དགོས། གཞི་རིམ་གྱི་དམངས་ཆེན་འཐུས་མིས་མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱེད་རྒྱུ་དང་། གྲོས་ཚོགས་དང་བྱེད་སྒོར་ནན་ཏན་སྒོས་ཞུགས་པ། བསམ་འཆར་དང་གྲོས་འགོ་ཧུར་ཐག་གིས་འདོན་པ། འགན་འཁྲི་དངོས་ནས་རྐང་ཚུགས་པར་བྱས་ཏེ། གནད་དོན་དངོས་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། དོན་དངོས་དང་ཟུང་འབྲེལ་བྱས་ནས་ཇི་ལྟར་བྱས་ན་གཞི་ནས་འཐུས་མིའི་ནུས་པ་འདོན་སྤེལ་སྔར་ལས་གང་ལེགས་བྱེད་ཐུབ་པའི་ཐད་འཚོལ་ཞིབ་བྱེད་རྒྱུ་དང་། འཐུས་མིའི་གྲོས་གཞི་དང་གྲོས་འགོ་སྒྲུབ་གཉེར་ནན་ཏན་བྱེད་པ། འཐུས་མིའི་ཁྱིམ་གཞིས་དང་འཐུས་མིའི་འབྲེལ་གཏུག་ས་ཚིགས་སོགས་ཀྱི་ལས་སྟེགས་ཡག་པོ་འཛུགས་པ་དང་བེད་སྤྱོད་ཡག་པོ་གཏོང་བ། འཐུས་མིའི་ཆེད་ལས་ཁྱད་ཆོས་འདོན་སྤེལ་བྱ་རྒྱུར་མཐོང་ཆེན་བྱེད་པ་བཅས་བྱས་ནས། འཐུས་མིས་ཁྲིམས་ལྟར་འགན་འཁྲི་བསྒྲུབ་རྒྱུར་རྒྱབ་སྐྱོར་དང་འགན་ལེན་བྱེད་དགོས་ཞེས་ནན་གྱིས་གསུངས།

ཀྲའོ་ལི་ཅི་ཡིས་ཧའེ་ནན་ས་གནས་ཁྲིམས་འཛུགས་ཀྱི་དམིགས་བསལ་ལེགས་ཆ་ནི། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་དཔལ་འབྱོར་དམིགས་བསལ་ཁུལ་གྱི་ཁྲིམས་སྲོལ། རང་མོས་ཚོང་དོན་གྲུ་ཁའི་ཁྲིམས་སྲོལ་བཅས་ཀྱི་གཏན་འབེབས་དབང་ཆ་ཡིན་པས། ཁྲིམས་གཏན་ཁྲིམས་འཛུགས་དབང་ཆ་དེ་དག་བེད་སྤྱོད་ཡག་པོ་བྱས་ཏེ། རྒྱལ་སྤྱིའི་ཚད་གཞི་ཚད་ཤིང་དུ་འཛིན་པ་དང་ཀྲུང་གོའི་ཁྱད་ཆོས་མཚོན་ཐུབ་པ། ཧའེ་ནན་གྱི་དོན་དངོས་ནས་རྐང་ཚུགས་ཐུབ་པ་བཅས་བྱས་ནས། ཚོང་དོན་དངུལ་གཏོང་དང་ཐོན་ལས་འཕེལ་རྒྱས། ཚོང་གཉེར་ཁོར་ཡུག དམངས་འཚོར་འགན་ལེན། སྐྱེ་ཁམས་དཔལ་ཡོན་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་མཁོ་སྤྲོད་ལ་མུ་མཐུད་ཤུགས་སྣོན་པ་དང་། རང་མོས་ཉོ་ཚོང་ཁུལ་གྱི་འཛུགས་སྐྲུན་ལ་དགོས་གལ་ཆེ་ཞིང་མ་ལག་ཆ་ཚང་ཡིན་པའི་ཁྲིམས་སྲོལ་དུས་ཐོག་ཏུ་འདོན་པ། ཁྲིམས་འཛུགས་ཀྱིས་བཅོས་སྒྱུར་འཕེལ་རྒྱས་ལ་སྣེ་ཁྲིད་དང་སྐུལ་འདེད་གཏོང་བ། ཚད་ལྡན་ཅན་དུ་གཏོང་བ། འགན་སྲུང་བཅས་ཀྱི་ནུས་པ་འདོན་སྤེལ་སྔར་ལས་གང་ལེགས་བྱེད་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་ཁྲིམས་འཛུགས་བྱེད་པ་དང་དམངས་གཙོའི་ཁྲིམས་འཛུགས། ཁྲིམས་ལྟར་ཁྲིམས་འཛུགས་བཅས་ལ་སྐུལ་སྤེལ་ནན་མོ་བྱེད་པ། ཁྲིམས་འཛུགས་ལས་དོན་ཁྲོད་ཀྱི་དམངས་ཆེན་གྱི་གཙོ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཁྲིམས་འཛུགས་སྤུས་ཚད་སྔར་ལས་མཐོ་རུ་གཏོང་དགོས་ཞེས་གསུངས།

ཀྲའོ་ལི་ཅི་ཡིས་ད་ལོ་ནི་རྒྱལ་ཡོངས་དམངས་ཆེན་བཙུགས་ནས་ལོ70འཁོར་བའི་ལོ་ཡིན། དམངས་ཆེན་གྱིས་ལོ་རྒྱུས་ཀྱི་འགོ་རྩོམ་ས་གསར་པའི་སྟེང་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོ་ངེས་པར་བྱེད་རྒྱུ་དང་། ལམ་ལུགས་ཀྱི་གདེང་ཚོད་སྔར་ལས་ཇེ་བརྟན་དུ་གཏོང་བ། ལོ་རྒྱུས་ཀྱི་རང་རྟོགས་བྱེད་ཤུགས་མངོན་སུམ་ཆེ་རུ་གཏོང་བ་བཅས་བྱས་ཏེ། དམངས་ཆེན་ལམ་ལུགས་རྒྱུན་འཁྱོངས་ཡག་པོ་བྱེད་པ་དང་འཐུས་ཚང་ཡག་པོ་བྱེད་པ། འཁོར་སྐྱོད་ཡག་པོ་བྱེད་པ་བཅས་བྱས་ནས། རྒྱལ་ཁབ་ཀྱི་རྩ་བའི་ཆབ་སྲིད་ལམ་ལུགས་ཀྱི་དགེ་མཚན་དེ་བཅོས་སྐྱོང་གི་ཕན་འབྲས་སུ་འགྱུར་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་གསུངས།

བན་དེ་སྐྱབས་ཀྱིས་བསྒྱུར།