ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་གྱི་སྲིད་གྲོས་ཀྲུའུ་ཞིའི་བཞུགས་མོལ་ཚོགས་འདུ་བསྡུས།
2024.03.31 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ3ཚེས29ཉིན། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་གྱི་སྲིད་གྲོས་ཀྲུའུ་ཞིའི་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། ཚོགས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་སྒྱུར་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཡོངས་ཚོགས་ཆེན་གཉིས་སྐབས་ཀྱི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་བཀོད་སྒྲིག་གསར་བ་དང་བླང་བྱ་གསར་བ་དངོས་འབེབས་བྱས་ཤིང་། ཉམས་མྱོང་བྱེད་ཐབས་བརྗེ་རེས་དང་འཚོལ་ཞིབ་བྱས་ལ། བྱ་བ་ལས་ཕྱོགས་ཞིབ་འཇུག་དང་འཆར་འགོད་བྱས་ཏེ། སྲིད་གྲོས་བྱ་བས་མགོ་ཡག་པོ་ཞིག་རྩོམ་པར་སྐུལ་འདེད་བཏང་།

ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་མགོ་འཛིན་བྱས་ཏེ་གཏམ་བཤད། ཞིང་ཆེན་སྲིད་གྲོས་མགོ་ཁྲིད་ཚན་ཁག་གི་ཁོངས་མི་རིན་ཆེན་རྣམ་རྒྱལ་དང་། ཁོང་ཡུང་། ཝང་ཞོན། ཝང་ཀྲིན་ཁྲང་། ཀྲང་ཞའོ་རུང་། མཱ་ཧྥིན་ཧྲིན། ལིས་ཞའོ་ནན། ཐེན་ཁོས། ལིའུ་ཏ་ཡེ། མཱ་ཡུའེ་ཞང་། ཕིན་ཡུག་ཏུང་བཅས་ཚོགས་འདུར་ཞུགས། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གྲོས་འགན་ཁུར་བློ་མཐུན་གྱིས་བརྗེ་རེས་གཏམ་བཤད་བྱས་ཤིང་། ཞིང་ཆེན་སྲིད་གྲོས་ཀྱི་འབྲེལ་ཡོད་ཀྲུའུ་ཞི་གཞོན་པས་དཔྱད་འཇོག་བྱས་ཏེ། སྤུས་ཚད་མཐོ་བའི་འགན་སྒྲུབ་ཀྱིས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་བསྐྲུན་པའི་བསམ་ཕྱོགས་བྱེད་ཐབས་ལ་མཉམ་དུ་ཞིབ་འཇུག་དང་གྲོས་སྡུར་བྱས།

མགོན་པོ་བཀྲ་ཤིས་ཀྱིས་གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གྲོས་ཀྱིས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་པའི་མྱོང་ཚོར་དང་སྒྲུབ་ཐབས། འགན་སྒྲུབ་དང་འབྲེལ་བའི་གསར་གཏོད་བྱེད་ཐབས། རྗེས་ཕྱོགས་ཀྱི་བྱ་བའི་བསམ་ཕྱོགས་བཅས་ལ་ཁས་ལེན་གང་ལེགས་བྱས། ཁོས་ཚང་མས་གཏམ་བཤད་དང་དཔྱད་འཇོག་བྱས་པ་བརྗོད་དོན་ལ་དམིགས་ཤིང་རིག་ལམ་གསལ་ལ་བདེན་འཚོལ་དངོས་གཉེར་ཡིན་པས། ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱས་པ་དང་སྟངས་འཛིན་ཡང་དག་བྱས་པ།  ད་ལོའི་བྱ་བ་ལེགས་པོར་སྒྲུབ་པའི་བསམ་གཞིགས་ཟབ་མོ་དང་འཆར་འགོད་ཞིབ་མོ་བཅས་མངོན་པར་བྱས་ཤིང་། ཚད་མཐོ་བའི་ཆབ་སྲིད་ཀྱི་ལངས་གནས་དང་། རང་རྟོགས་ཀྱི་ཁག་ཁུར་བྱེད་ཕྱོགས། འགན་སྒྲུབ་ཡིད་ཆེས་བརྟན་པོ་བཅས་མངོན་གསལ་དུ་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཀྱི་བྱ་བར་སྐུལ་འདེད་གཏོང་བའི་ཐད་བསམ་ཕྱོགས་གསར་བ་འཆར་འགོད་དང་བྱེད་ཐབས་གསར་བ་འཚོལ་ཞིབ། རྣམ་པ་གསར་བ་གསར་འབྱེད་བྱས་པའི་བདེན་སྲུང་གསར་གཏོད་ཀྱི་སྙིང་སྟོབས་མངོན་པར་མཚོན་ཡོད་ཅེས་བསྟན།

མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན། ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་ནས་མི་དམངས་སྲིད་གྲོས་ཀྱི་བྱ་བ་ཡོད་ཚད་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་སྟེ། རྒྱུན་རྣམ་རང་བཞིན་གྱི་གཞུང་ལུགས་སློབ་སྦྱོང་དང་། ཨུ་ཡོན་དཔེ་ཀློག་བྱེད་སྒོ། ཆབ་སྲིད་གསོ་སྦྱོང་སོགས་ཀྱི་རྣམ་པ་བརྒྱུད་ནས། ཏང་གི་འདོད་བློ་རིགས་སོ་སོ་དང་སྡེ་ཁག་སོ་སོའི་མང་ཚོགས་ཀྱི་ཐུན་མོང་འདུ་ཤེས་དང་རང་རྟོགས་བྱ་སྤྱོད་དུ་འགྱུར་བར་བྱེད་དགོས། ཀྲུང་དབྱང་དང་རྒྱལ་ཡོངས་སྲིད་གྲོས། ཞིང་ཆེན་ཏང་ཨུའི་ད་ལོའི་བྱ་བའི་བཀོད་སྒྲིག་གསར་བ་དང་བླང་བྱ་གསར་བར་དཔེ་ལྟ་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་། ཐོན་ལས་ཀྱི་གནས་བཞི་བསྐྲུན་པ། ཐོན་སྐྱེད་ནུས་ཤུགས་གསར་མ་གསོ་སྐྱོང་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཟོ་བ། མཐོ་སྒང་ཁམས་གསོ་སོགས་ཁ་ཚ་དགོས་གཏུག་གི་གནད་དོན་ལ་དམིགས་ནས། བརྟག་དཔྱད་ཞིབ་འཇུག་ཟབ་མོ་དང་བློ་འདོན་ཇུས་འབུལ་བྱེད་དགོས། ཐུན་མོང་འདུ་ཤེས་གཅིག་སྡུད་བྱེད་རྒྱུ་དེ་བརྟག་དཔྱད་གྲོས་མོལ་དང་། བཞུགས་མོལ་བརྗེ་རེས། རྟོག་ཞིབ་སློབ་སྦྱོང་སོགས་འགན་སྒྲུབ་ཀྱི་ཕྱོགས་སོ་སོ་དང་འདྲེས་པར་བྱས་ཏེ། དྲིལ་སྒྲོག་གསལ་འགྲེལ་དང་དོགས་གཞི་སེལ་བ། འགལ་ཟླ་སེལ་བའི་ལས་དོན་གང་མང་སྒྲུབ་དགོས་ཤིང་། མཉམ་དུ་སྐྱེ་ཁམས་དང་ལོ་རྒྱུས། གསར་བརྗེ། མི་རིགས། མཐོ་སྒང་བཅས་ཀྱི་གཏམ་རྒྱུད་ལྔ་ལེགས་པོར་འཆད་དགོས། དུས་རྒྱུན་གྱི་བྱ་བ་དམ་འཛིན་བྱེད་པ་དང་། ཨུ་ཡོན་གྱི་འགན་སྒྲུབ་ཞབས་ཞུ་ཤུགས་དྲག་ཏུ་གཏོང་བ། ལམ་ལུགས་འཐུས་ཚང་ལེགས་བཅོས་གཏོང་བ། འབྲེལ་གཏུག་མཛུབ་སྟོན་ལ་ཤུགས་སྣོན་པ་སོགས་ཀྱི་སྟེང་ཤུགས་འདོན་པ་དང་དངོས་ཡོད་ཕན་འབྲས་ལོན་པར་བྱས་ཏེ། སྤུས་ཚད་མཐོ་བའི་འགན་སྒྲུབ་ཀྱིས་སྲིད་གྲོས་བྱ་བའི་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཐོག་མཐའ་བར་གསུམ་དུ་ཏང་གི་སྲིད་གྲོས་བྱ་བའི་ཕྱོགས་ཡོངས་མགོ་ཁྲིད་ཀྱི་ཆབ་སྲིད་རྩ་དོན་བརྟན་སྲུང་བྱས་ཏེ། ཏང་རྩ་འཛུགས་ཀྱི་ཆབ་སྲིད་བྱེད་ནུས་དང་རྩ་འཛུགས་བྱེད་ནུས་ཤུགས་དྲག་ཏུ་བཏང་ནས། སྲིད་གྲོས་ཏང་འཛུགས་ཀྱིས་འགན་སྒྲུབ་བྱ་བའི་སྤུས་འབྲས་འཕར་སྣོན་ལ་སྣེ་ཁྲིད་བྱེད་དགོས།

རིག་འཛིན་སྒྲོལ་མས་བསྒྱུར།