ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཀྲུང་གོ་ཚན་རིག་གླིང་གི་གླིང་གཙོ་ཧུག་ཅན་གོ་དང་བྱ་བའི་བཞུགས་མོལ་བྱས།
2024.03.31 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 29

ཟླ3ཚེས29ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གཉིས་ཀྱིས་པེ་ཅིང་དུ་ཀྲུང་གོ་ཚན་རིག་གླིང་གི་གླིང་གཙོ། ཏང་ཙུའུ་ཧྲུའུ་ཅི་ཧུག་ཅན་གོ་དང་བྱ་བའི་བཞུགས་མོལ་བྱས་ཏེ། ཞིང་ཆེན་དང་ཚན་རིག་གླིང་བར་གྱི་མཉམ་ལས་སྔར་ལས་ཇེ་ཟབ་ཏུ་གཏོང་བའི་ཐད་ནས་བསམ་ཚུལ་བརྗེ་རེས་བྱས།

ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཀྲུང་གོ་ཚན་རིག་གླིང་གིས་ད་བར་དུ་མཚོ་སྔོན་གྱི་ཚན་རིག་གསར་གཏོད་འཕེལ་རྒྱས་ལ་རྒྱབ་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཞུས། ཁོ་ཚོས་བཤད་རྒྱུར། མཚོ་སྔོན་གྱི་སྐྱེ་ཁམས་གོ་གནས་གལ་ཆེ་ཞིང་ཁྱད་ཆོས་ལྡན་པས་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ལེགས་པོ་ཞིག་བྱེད་རྒྱུ་ནི་རྒྱལ་དོན་གྱི་ཆེ་ཕྱོགས་ཤིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་། ཐོན་ལས་ཀྱི་གནས་བཞི་བསྐྲུན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཐབས་ལམ་གསལ་སྟོན་གནང་ཡོད་པས་འདི་དག་ཚང་མ་ཚན་རིག་གསར་གཏོད་ཀྱི་འདེགས་སྐྱོར་སྣེ་ཁྲིད་ཀྱི་ནུས་པ་དང་ཁ་འབྲལ་ཐབས་མེད། ཞིང་ཆེན་དང་ཀྲུང་གོ་ཚན་རིག་གླིང་གིས་མཚོ་སྔོན་གྱི་མཐོ་སྒང་ཐོན་ཁུངས་ནུས་ཁུངས་ལ་རྐང་བཙུགས་ཏེ། ས་འོག་དང་ས་སྟེང་། མཁའ་དབྱིངས་བཅས་ཀྱི་ཚན་རྩལ་གསར་གཏོད་ཀྱི་བསླབ་གཞི་གལ་ཆེན་ལ་དོ་སྣང་བྱེད་པ་དང་། ཚན་རྩལ་མཉམ་ལས་ཀྱི་ལམ་ལུགས་རྐྱེན་སྲོལ་ལེགས་སྒྱུར་བྱེད་པ། འཇོན་མི་གསོ་སྐྱོང་དང་ནང་འདྲེན་ལ་ཤུགས་སྣོན་པ། དགེ་མཚན་སྟོབས་ཤུགས་གཅིག་སྡུད་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོབ་དང་། ཚྭ་མཚོའི་རྫས་འགྱུར་བཟོ་ལས། དག་གཙང་ནུས་ཁུངས། གནམ་གཤིས་བརྟག་དཔྱད། རླུང་ཁམས་ཆེན་མོའི་ལྟ་ཞིབ་སོགས་ཁྱབ་ཁོངས་ཀྱི་དཀའ་གནད་སེལ་དགོས་ཤིང་། ཐེངས་གཉིས་པའི་མཚོ་བོད་ཚན་ཞིབ་གྲུབ་འབྲས་ཚུལ་སྒྱུར་བྱེད་པ་དང་། གནད་འགག་གི་ལག་རྩལ་གནད་དོན་མྱུར་དུ་ཐག་གཅོད་བྱེད་པ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་གསར་བ་དང་འགྲན་ལམ་གསར་བ་ཧུར་ཐག་གིས་བཏོད་ནས་ཚན་རྩལ་གསར་གཏོད་ཀྱིས་སྔར་ལས་ནུས་ལྡན་སྒོས་མཚོ་སྔོན་གྱི་ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱལ་ཐད་རོགས་ཤུགས་འདོན་དགོས།

ཧུག་ཅན་གོ་ཡིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དུས་ཡུན་རིང་པོར་ཀྲུང་གོ་ཚན་རིག་གླིང་གི་བྱ་བ་ཁག་སོ་སོར་རྒྱབ་སྐྱོར་བྱས་པར་དཀའ་དྲིན་ཞུས། ཁོས་བཤད་རྒྱུར། ལོ་མང་པོའི་རིང་ལ། ཚན་རིག་གླིང་དང་མཚོ་སྔོན་ཞིང་ཆེན་གྱིས་མཉམ་ལས་ཁྱབ་ཁོངས་དང་གསར་གཏོད་མཉམ་ལས་རྣམ་པ་མུ་མཐུད་དུ་རྒྱ་བསྐྱེད་པ་དང་། ཚན་རྩལ་གསར་གཏོད་ཀྱི་སྟེགས་བུ་གལ་ཆེན་འཛུགས་པ་དང་ཚན་རྩལ་གསར་གཏོད་ཀྱིས་ཐོན་ལས་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པ། འཇོན་མི་བརྗེ་རེས་གསོ་སྐྱོང་སོགས་ཕྱོགས་ནས་གྲུབ་འབྲས་མི་དམན་པ་བླངས་ཡོད། མིག་སྔར། ཀྲུང་གོ་ཚན་རིག་གླིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་གལ་ཆེན་ལག་བསྟར་དང་དངོས་འབེབས་ནན་མོ་བྱེད་བཞིན་ཡོད་ལ། ཚན་རྩལ་མཐོ་གནས་སུ་སླེབས་པ་དཀྱིལ་སྙིང་ལས་འགན་དུ་བརྩིས་ཏེ། བཅོས་སྒྱུར་གསར་གཏོད་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་བ་ལོན་པར་འབད་པ་ཆེན་པོས་སྐུལ་འདེད་གཏོང་བཞིན་ཡོད། ཧུག་ཅན་གོ་ཡིས་ཕྱོགས་གཉིས་ཀྱིས་རང་སྟེང་གི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ། འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཚན་རྩལ་མཉམ་ལས་ལ་ཤུགས་སྣོན་པ་དང་། གསར་གཏོད་སྟེགས་བུ་མྱུར་དུ་བསྐྲུན་པའི་རྒྱལ་ཁབ་ཀྱི་དགོས་མཁོར་དམིགས་ཏེ་རིགས་སོ་སོའི་ཚན་རྩལ་ལས་འགན་གལ་ཆེན་ཕྲག་ཏུ་ལེན་པ་དང་། ཐོན་སྐྱེད་ནུས་ཤུགས་གསར་མ་གསོ་སྐྱོང་དང་འཕེལ་རྒྱས་གཏོང་བ། མཉམ་དུ་ཆུ་ཚད་མཐོ་བའི་གསར་གཏོད་འཇོན་མི་སྐོར་ཞིག་བསྡུ་འགུག་དང་གསོ་སྐྱོང་བྱས་ནས། ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་མངོན་འགྱུར་བྱེད་པ་དང་། ཚན་རྩལ་རྒྱལ་ཁབ་སྟོབས་ལྡན་བསྐྲུན་པ། མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏང་ཆེད་བྱས་རྗེས་གསར་བ་འཇོག་རྒྱུ་ཡིན།

ཀྲུང་གོ་ཚན་རིག་གླིང་གི་གླིང་གཙོ་གཞོན་པ། ཏང་ཙུའུ་ཁོངས་མི་ཝང་ཁི་ཆང་དང་། ཀྲུང་གོ་ཚན་རིག་གླིང་གི་ཏང་ཙུའུ་ཁོངས་མི། དྲུག་ཡིག་ཆེན་མོ་ཀྲའེ་ལིས་ཞིན། ཞིང་ཆེན་གྱི་མགོ་ཁྲིད་ཀྲའོ་ཡུའེ་ཞ་དང་། ཀྲུའུ་ཞང་ཧྥིན། ལིའུ་ཁྲའོ་བཅས་བཞུགས་མོལ་ལ་ཞུགས།

རིག་འཛིན་སྒྲོལ་མས་བསྒྱུར།