སྡེ་ཁག་མང་པོ་ཡུལ་སྐོར་མཚམས་སྦྱོར་པ་བྱས་ཏེ་རང་ཞིང་གི་རིག་གནས་ཡུལ་སྐོར་ཐོན་རྫས་དང་འཁོར་གཏོང་ཡུལ་སྐོར་ལམ་ཐིག་མཚམས་སྦྱོར་བྱས།
2024.04.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ3པའི་ཚེས28ཉིན། གསར་འགོད་པས་མཚོ་སྔོན་གནམ་གྲུ་ཐང་ཀུང་ཟི་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2024ལོའི་དམངས་སྤྱོད་མཁའ་འགྲུལ་གྱི་དབྱར་དུས་འགྲུལ་སྐྱེལ་དུས་ཚིགས་སླེབས་ལ་ཉེ་བས། རང་ཞིང་གི་ཡུལ་སྐོར་དཔལ་འབྱོར་འཕེལ་རྒྱས་ཐད་སྔར་ལས་ལྷག་པའི་རོགས་ཤུགས་འདོན་པ་དང་འགྲུལ་བ་མང་པོ་མཚོ་སྔོན་དུ་འགུག་ཆེད། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། ཁུལ་དང་གྲོང་ཁྱེར་སོ་སོའི་རིག་གནས་ཡུལ་སྐོར་ཅུའུ། མཚོ་སྔོན་གནམ་གྲུ་ཐང་ཀུང་ཟི། མཚོ་སྔོན་མཁའ་འགྲུལ་ཡུལ་སྐོར་མཉམ་འབྲེལ་སོགས་སྡེ་ཁག་མང་པོ་ཡུལ་སྐོར་མཚམས་སྦྱོར་པ་བྱས་ཏེ། མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་རྫོང་དུ་སེམས་ཤུགས་གཅིག་སྒྲིལ་བྱས་ཏེ་མ་འོངས་མཉམ་སྐྲུན་བྱེད་ཅེས་པ་བརྗོད་གཞིར་བྱས་པའི2024ལོའི་དབྱར་དུས་མཁའ་འགྲུལ་དུས་ཚིགས་ཀྱི་མཁའ་འགྲུལ་ཡུལ་སྐོར་ཐོན་རྫས་མཚམས་སྦྱོར་ཚོགས་འདུ་བསྡུས་ཤིང་། དེའི་དམིགས་ཡུལ་གཙོ་བོ་ནི་ས་གཞན་གྱི་ཡུལ་སྐོར་པ་མང་པོ་མཛེས་པའི་མཚོ་སྔོན་དུ་འགུག་ཆེད་རེད།

མཚམས་སྦྱོར་མགོ་བརྩམས་མ་ཐག  ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱི་མཚམས་སྦྱོར་པས་རང་ཞིང་གི་རིག་གནས་ཡུལ་སྐོར་ཐོན་རྫས་དང་འཁོར་གཏོང་ཡུལ་སྐོར་ལམ་ཐིག་མཚམས་སྦྱོར་བྱས་ཤིང་། ཧུའུ་ཀྲུའུ་རྫོང་རིག་གནས་ཡུལ་སྐོར་ཅུའུ་དང་མཚོ་སྔོན་པོ་ཡུལ་སྐོར་འཕེལ་རྒྱས་སྡེ་ཚོགས་སོགས་སྡེ་ཁག་གི་མཚམས་སྦྱོར་པས་ཀྱང་བསྟུད་མར་མཚམས་སྦྱོར་བྱས།

གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་དབྱར་དུས་མཁའ་འགྲུལ་དུས་སུ། མཚོ་སྔོན་གནམ་གྲུ་ཐང་ཀུང་ཟིས་མཁའ་འགྲུལ་ཀུང་ཟི་དང་མཐུན་སྦྱོར་བྱས་ཏེ་མཁའ་འགྲུལ་ལམ་ཐིག་ལེགས་སྒྱུར་དང་སྙོམ་སྒྲིག་བྱེད་རྒྱུ་ཡིན་ལ། མཚོ་སྔོན་དུ་མཁའ་འགྲུལ་གཉེར་བའི་ཀུང་ཟི25ཡོད་ཅིང་གྲོང་ཁྱེར61ལ་མཁའ་འགྲུལ་རྒྱུ་ལམ་ཕྱེས་ཡོད་པར་མ་ཟད། འགྲུལ་ཐེངས་ཤར་བགྲོད་རང་བཞིན་དང་སྟབས་བདེའི་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་རྒྱུ་རེད། ཟི་ལིང་གནམ་གྲུ་ཐང་གི་འགྲུལ་སྐྱོད་གྲོང་ཁྱེར25ལ་ཉིན་རེར་གནམ་གྲུ་གཏོང་ཐེངས2ཡོད་པ་མངོན་འགྱུར་བྱ་རྒྱུ་དང་། ཁ་གཏད་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར6པོ་ཚང་མར་འགྲུལ་ཐེངས་ཡོད་པར་བྱ་རྒྱུ།  ཁྲིན་ཏུའུ་གྲོང་ཁྱེར་གྱི་འགྲུལ་ཐེངས་ཉིན་རེར་ཐེངས10རེའི་ཡན་ཡོད་པ་དང་། ཧྲང་ཧེ་གྲོང་ཁྱེར་གྱི་འགྲུལ་ཐེངས་ཉིན་རེར་ཐེངས9ཡན་ཡོད་པར་བྱ་རྒྱུ། པེ་ཅིང་དང་། ཀྲིན་ཀྲུག   ཞི་ཨན་བཅས་ལ་འགྲུལ་ཐེངས་ཉིན་རེར་ཐེངས7རེའི་ཡན་ཡོད་པར་བྱེད་པ་དང་། ནན་ཅིང་དང་ཝུའུ་ཧན་ལ་འགྲུལ་ཐེངས་ཉིན་རེར་ཐེངས5ཡན་ཡོད་པར་བྱ་རྒྱུ། ཁྲང་ཧྲ་དང་ཧང་ཀྲུག ཁུན་མེན། ཅི་ནན། ཐེན་ཅིན་སོགས་ཀྱི་ཕྱོགས་ལ་འགྲུལ་ཐེངས་ཉིན་རེར་ཐེངས4ཡན་ཡོད་པར་བྱས་ནས། འགྲུལ་ཐེངས་སྔ་ཕྱི་བར་གསུམ་དུ་ཡོད་པར་བྱས་ཏེ་རྒྱ་ཆེའི་ཡུལ་སྐོར་པ་ཉིན་ཧྲིལ་བོར་འགྲོ་སྐྱོད་ཐུབ་པར་བྱེད་རྒྱུ་རེད། དེ་ལས་གཞན། དུས་ཚིགས་ལ་འགྱུར་བ་བྱུང་རྗེས། མཚོ་སྔོན་གནམ་གྲུ་ཐང་ཀུང་ཟིས་རྒྱ་ཆེའི་ཡུལ་སྐོར་པར་ལས་ཕྱོད་མཐོ་ཞིང་བར་ཁྱད་མེད་པ། ལངས་གནས་གཅིག་གི་ཐེངས་གཅིག་ལས་རེས་དང་ཐེངས་གཅིག་བདེ་བཤེར། ཅ་ལག་ཐད་ཁྱེར་སོགས་བར་བརྒྱུད་ཞབས་ཞུ་འདོན་སྤྲོད་བྱེད་རྒྱུ་ཡིན་ལ། རིན་མེད་ཟ་མ་དང་སྡོད་ཁང་། རིན་མེད་འགྲོ་འོང་གི་གནམ་ཐང་རླངས་འཁོར། ཅ་ལག་རིན་མེད་སྒོས་ཉར་འཇོག་བྱེད་པ་སོགས་ཀྱི་ཞབས་ཞུ་སྒྲུབ་ནས་མཚོ་སྔོན་བརྒྱུད་པའི་ཡུལ་སྐོར་པར་ཟ་སྡོད་འགྲོ་སྐྱོད་སོགས་ཀྱི་ཞབས་ཞུ་སྣ་མང་འདོན་སྤྲོད་བྱེད་རྒྱུ་རེད།

ཐེངས་འདིའི་མཚམས་སྦྱོར་ཚོགས་འདུ་བདེ་བླག་ངང་བསྡུས་པ་དེས་མཚོ་སྔོན་མཁའ་འགྲུལ་ཡུལ་སྐོར་མཉམ་འབྲེལ་གྱི་ཁོངས་གཏོགས་ལས་ཁུངས་མཉམ་བསྲེས་འཕེལ་རྒྱས་བཏང་ནས་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་པའི་མགོ་གསར་བ་བརྩམས་པ་མཚོན་ཐུབ།  མཚོ་སྔོན་མཁའ་འགྲུལ་ཡུལ་སྐོར་མཉམ་འབྲེལ་གྱིས་རང་ཞིང་གི་ཐོན་ལས་གནས་བཞི་བསྐྲུན་པར་ཞབས་འདེགས་ཞུ་བ་སྣེ་ཁྲིད་དུ་བྱེད་རྒྱུ་མུ་མཐུད་རྒྱུན་འཁྱོངས་བྱེད་པ་དང་། མཁའ་འགྲུལ་ཡུལ་སྐོར་ཁེ་ལས་གཙོ་གཞི་དང་ཐོན་ཁུངས་སྡེབ་སྒྲིག་རྨང་གཞི་རུ་བྱས་ཏེ། ཐོན་རྫས་ཇུས་འགོད་དང་མཉམ་འབྲེལ་ཚོང་གཉེར་དཀྱིལ་སྙིང་དུ་འཛིན་པ། རིན་ཐང་གསར་སྤེལ་མཉམ་སྤྱོད་བྱེད་རྒྱུ་དམིགས་འབེན་དུ་བྱས་ནས། ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་པའི་ཉིན་རེར་ཇེ་དྲག་ཏུ་འགྲོ་བཞིན་པའི་མཁའ་འགྲུལ་ཡུལ་སྐོར་དགོས་མཁོ་སྔར་ལས་ཚིམ་པར་བྱེད་པ་དང་། རང་ཞིང་གི་མཁའ་འགྲུལ་ཡུལ་སྐོར་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་རེད།

རིག་འཛིན་སྒྲོལ་མས་བསྒྱུར།