ཏེན་ཞུའེ་ཞང་གིས་པེ་ཅིང་དང་ཧི་པེ་རུ་རྟོག་ཞིབ་གནང་།
2024.04.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ཟླ3པའི་ཚེས30ཉིན་ནས་ཚེས31ཉིན་བར།   ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན།   རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་པེ་ཅིང་ཧྥང་ཧྲན་དང་ཧི་པེ་ཀྲའོ་ཀྲིག་ཏུ་རྟོག་ཞིབ་མཛད་པར་མ་ཟད།    ཀྲའོ་ཀྲིག་ནས་འགོ་འཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས།    ཏེན་ཞུའེ་ཞང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་།  ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ་རྒྱལ་བུན་མང་གཏོང་ལས་གཞིའི་ལག་བསྟར་ལ་ཏན་ཏིག་དང་གོ་རིམ་ཡོད་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་མ་དངུལ་བཀོལ་སྤྱོད་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས་བཟོ་སྐྲུན་སོ་སོ་དམངས་སེམས་བཟོ་སྐྲུན་དང་སྤུས་ལེགས་བཟོ་སྐྲུན།    དག་གཙང་བཟོ་སྐྲུན་བཅས་སུ་ཤུགས་ཆེན་པོས་འཛུགས་སྐྲུན་བྱེད་དགོས་ཞེས་ནན་གྱིས་བསྟན།

ཚེས30ཉིན་གྱི་ཕྱི་དྲོར།   ཏེན་ཞུའེ་ཞང་པེ་ཅིང་ཧྥང་ཧྲན་ཏ་ཧྲི་ཆུ་བོའི་ཆུ་ལམ་ཞིག་གསོ་བཟོ་སྐྲུན་འཛུགས་སྐྲུན་ཡུལ་དངོས་སུ་ཕེབས་ནས།    རྒྱལ་བུན་མ་དངུལ་མང་དུ་བཏང་ནས་ཆུས་གཏོར་བརླག་བྱས་པའི་ཆུ་བེད་བཟོ་སྐྲུན་བསྐྱར་འཛུགས་ལ་རྒྱབ་སྐྱོར་བྱེད་པའི་འཕེལ་རིམ་ལ་རྒྱུས་ལོན་གནང་བ་དང་།    འགྲམ་ངོགས་ཞིག་གསོ་སོགས་བཟོ་སྐྲུན་གནས་ཚུལ་ལ་གཟིགས་ཞིབ་གནང་བར་མ་ཟད།    བཟོ་སྐྲུན་མི་སྣ་དང་བསམ་ཚུལ་བརྗེ་རེས་གནང་།    རྒྱལ་ལམ108སྦྲགས་ལམ་ཞིག་གསོ་བཟོ་སྐྲུན་འཛུགས་སྐྲུན་ཡུལ་དངོས་སུ་ཕེབས་ནས་ཆུས་གཏོར་བརླག་བྱས་པའི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་ཆས་བསྐྱར་འཛུགས་གནས་ཚུལ་ལ་རྒྱུས་ལོན་གནང་ཞིང།   བཟོ་སྐྲུན་སྤུས་ཚད་ཚོད་འཛིན་དང་ལྟ་སྐུལ་དོ་དམ་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་གསན།     ཏེན་ཞུའེ་ཞང་གིས་རྨང་གཞིའི་སྒྲིག་ཆས་གལ་ཆེན་གྱི་བཟོ་སྐྲུན་འཛུགས་སྐྲུན་ནི་ལོ་བརྒྱའི་ཇུས་ཆེན་ཡིན་པས།   སྤུས་ཚད་གཙོར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་།   སླར་གསོ་བསྐྱར་འཛུགས་དང་བྱེད་ནུས་མཐོར་འདེགས་གཉིས་མཉམ་དུ་བཟུང་ནས་དུས་ཚོད་ཀྱི་ཉམས་སད་ཐེག་པར་འགན་སྲུང་བྱས་ཏེ་རྒྱལ་སའི་ཆུ་ལོག་འགོག་ཟོན་བདེ་འཇགས་ལ་སྔར་ལས་འགན་སྲུང་བཟང་བོ་བྱེད་དགོས་ཞེས་བསྟན།

ཚེས31ཉིན་གྱི་སྔ་དྲོར།   ཏེན་ཞུའེ་ཞང་ཧི་པེ་པའོ་ཏེན་པེ་ཅུའུ་མཱ་ཆུ་བོའི་ཀྲའོ་ཀྲིག་མཚམས་ཀྱི་འཕྲལ་བསྟུན་ཞོད་འགོག་བཅོས་སྐྱོང་བཟོ་སྐྲུན་འཛུགས་སྐྲུན་ཡུལ་དངོས་སུ་ཕེབས་ཏེ།     བཟོ་སྐྲུན་བསྐྱར་འཛུགས་འཕེལ་རིམ་ལ་རྒྱུས་ལོན་བྱས་པ་དང་།   ཆུ་རགས་འགོག་སྲུང་བྱ་བའི་གནས་ཚུལ་ལ་གཟིགས་ཞིབ་གནང་།   ཐེན་ཆའོ་གཞིས་ཁུལ་ཧྲེང་ཐཱ་སློབ་འབྲིང་སྡོད་ཁུལ་དུ་ཕེབས་ནས་གཏོར་བརླག་ཐེབས་པའི་རྨང་གཞིའི་སྒྲིག་ཆས་སླར་གསོ་བསྐྱར་འཛུགས་དང་།  སྡོད་ཁུལ་རྙིང་བའི་སྡོད་དམངས་ཀྱི་དམངས་ཚིས་སོགས་གནས་ཚུལ་ལ་རྒྱུས་ལོན་གནང་བར་མ་ཟད།    སྡོད་དམངས་ཀྱི་ཁྱིམ་དུ་ཕེབས་ནས་བསམ་ཚུལ་བརྗེ་རེས་གནང་།    ཏེན་ཞུའེ་ཞང་གིས་ལས་གཞིའི་འཛུགས་སྐྲུན་འཕེལ་རིམ་ལ་ལུགས་མཐུན་གྱིས་རྒྱུས་ལོན་བྱས་ཏེ་སླར་གསོ་བསྐྱར་འཛུགས་བཟོ་སྐྲུན་གལ་ཆེན་དག་ད་ལོའི་ཆུ་འབྲུབ་པའི་དུས་སྐབས་ཀྱི་སྔོན་ལ་བཀོལ་སྤྱོད་ཐུབ་པར་འགན་སྲུང་བྱེད་དགོས།    ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་གོ་གནས་གལ་ཆེན་དུ་འཇོག་པ་དང་།   གནོད་རྗེས་སླར་གསོ་བསྐྱར་འཛུགས་དང་ཟུང་འབྲེལ་བྱས་ཏེ་སྡོད་དམངས་ཀྱི་འཚོ་བའི་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་བཅོས་བྱེད་དགོས་ཞེས་བསྟན།

ཚེས31ཉིན་གྱི་ཕྱི་དྲོར་བསྡུས་པའི་བཞུགས་མོལ་ཚོགས་འདུའི་སྟེང་།   ཏེན་ཞུའེ་ཞང་གིས་སྒོར་ཁྲག་ཁྲིག་ཆེན་མོ་གཅིག་གི་རྒྱལ་བུན་མང་དུ་བཏང་སྟེ་གནོད་རྗེས་སླར་གསོ་བསྐྱར་འཛུགས་དང་ཞོད་འགོག་གནོད་སེལ་གནོད་སྐྱོབ་བྱེད་ནུས་མཐོར་འདེགས་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཞིང་ཡིན་པའི་ཏང་ཀྲུང་དབྱང་གིས་བཀོད་པའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ཞིག་ཡིན།    ལས་གཞི་འཛུགས་སྐྲུན་ལག་བསྟར་ལ་སྤུས་ཚད་མཐོན་པོས་སྐུལ་འདེད་གཏོང་བ་དང་། མ་དངུལ་དང་རྒྱུ་རྐྱེན་གྱི་འགན་སྲུང་ལ་ཤུགས་བསྣན་ནས་དངོས་གཉེར་བྱ་བ་མང་པོ་སྤེལ་དགོས།    རྒྱལ་བུན་མ་དངུལ་མང་དུ་གཏོང་བ་དེ་ནོར་དོན་ལྟ་སྐུལ་དོ་དམ་གྱི་གཙོ་གནད་དུ་བྱེད་པ་དང་།  གོ་རིམ་ཧྲིལ་བོའི་ལྟ་སྐུལ་དོ་དམ་ལ་ཇེ་དྲག་ཏུ་བཏང་སྟེ་རྫུན་ཞུ་གཡོ་ལེན་དང་མ་དངུལ་ཆུད་ཟོས།   ཧམ་བཟུང་གཞན་སྤྱོད་བཅས་སྔོན་འགོག་ནན་མོ་བྱས་ནས་མ་དངུལ་བཀོལ་སྤྱོད་བཟང་བོ་བྱེད་པ་དང་ཕན་འབྲས་ཐོབ་པར་འགན་སྲུང་བྱེད་དགོས།   ཡུལ་དངོས་ལྟ་སྐུལ་མཛུབ་སྟོན་ནན་མོར་སྤེལ་བ་དང་།   ལས་གཞིའི་ལྟ་སྐུལ་དོ་དམ་གྱི་ཡུན་ཕན་ནང་རྐྱེན་བཙུགས་ནས་འཐུས་ཚང་དུ་གཏོང་བ།    འཛུགས་སྐྲུན་གྱི་ཚད་གཞི་དང་ཚད་ལྡན་ལག་རྩལ་ལག་བསྟར་ནན་མོ་བྱས་ཏེ་དམངས་སེམས་བཟོ་སྐྲུན་དེ་སྤུས་ལེགས་བཟོ་སྐྲུན་དུ་འཛུགས་སྐྲུན་བྱེད་དགོས།    བྱ་བའི་ནང་རྐྱེན་མུ་མཐུད་དུ་འཐུས་ཚང་དུ་གཏོང་བ་དང་ཕྱོགས་སོ་སོའི་འགན་འཁྲི་ཇེ་དམ་དུ་གཏོང་བ།    བྱ་བ་སོ་སོ་དོན་འཁྱོལ་ཞིབ་ཚགས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་པ་དང་།  དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེདགཏོང་བར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཞེས་བསྟན།

ལྷ་མོ་ཚེ་རིང་གིས་བསྒྱུར།