ཟླ4པའི་ཚེས1ཉིན། རྒྱལ་ཁབ་ནུས་ཁུངས་སྡེ་ཚོགས་མར་སྟེང་ཆུ་གློག་ས་ཚིགས་ཀྱི་འཕྲུལ་ཚན་ཐོག་མས་གློག་འདོན་པ་དང་མཚོ་སྔོན་གྱི་རྣམ་གྲངས་གལ་ཆེན་ལས་འགོ་ཚུགས་པའི་སྐུལ་སློང་ཚོགས་ཆེན་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གཉིས་ཀྱིས་རྒྱལ་ཁབ་ནུས་ཁུངས་སྡེ་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི། རྐང་འཛིན་དབུ་གཙོ་ལིའུ་གོ་ཡེ། རྒྱལ་ཁབ་ནུས་ཁུངས་སྡེ་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། སྤྱི་གཉེར་པ་ཡུས་པེན་སོགས་དང་བཞུགས་མོལ་གནང་བར་མ་ཟད་ཚོགས་ཆེན་ལ་ཞུགས། ཁྲིན་ཀང་དང་། ཝུའུ་ཞའོ་ཅུན། ལིའུ་གོ་ཡེ། ཡུས་པེན་བཅས་ཀྱིས་མཉམ་དུ་ཤེལ་སྒོང་ལ་རེག་པ་དང་བསྟུན་ནས་འཕྲུལ་ཚན་ཐོག་མས་གློག་བཏང་བ་དང་རྣམ་གྲངས་གལ་ཆེན་ལས་འགོ་ཚུགས། ཝུའུ་ཞའོ་ཅུན་དང་ལིའུ་གོ་ཡེ་ཡིས་གཏམ་བཤད།
བཞུགས་མོལ་བྱེད་སྐབས། ཁྲིན་ཀང་གིས་རྒྱལ་ཁབ་ནུས་ཁུངས་སྡེ་ཚོགས་ཀྱིས་མཚོ་སྔོན་ལ་སེམས་ཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུས། ཁོས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཏོན་པའི་བླང་བྱ་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་པ་དང་། འཆར་འགོད་དང་སྲིད་ཇུས། རྟེན་གཞི། རྣམ་གྲངས། ཁེ་ལས་བཅས་ཕྱོགས་ལྔ་གཞི་གཅིག་ཅན་བསྐྲུན་ནས་དག་གཙང་ནུས་ཁུངས་ཀྱི་ཐོན་ལས་རྣམ་པར་སྐུལ་འདེད་བཏང་ལ། ལྷག་པར་དུ་འཆར་འགོད་སྣེ་ཁྲིད་བརྒྱུད་དེ་ནུས་ཁུངས་སྒྲིག་གཞི་ལེགས་སྒྱུར་བྱས་ཤིང་། ཁུངས་དྲ་ཐེག་གསོག་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་གཅིག་གྱུར་གྱིས་སྐུལ་འདེད་བཏང་། མིག་སྔར། མཚོ་སྔོན་གྱིས་ལོ་རྒྱུས་སྟེང་གི་ཆེས་བཟང་པའི་འཕེལ་རྒྱས་དུས་སྐབས་བསུས་ཡོད་པ་དང་། དག་གཙང་ནུས་ཁུངས་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་ལེགས་པས། ང་ཚོས་ཤར་གྲངས་ནུབ་རྩིས་དང་ཤར་གྲངས་ནུབ་གསོག ཤར་གྲངས་ནུབ་སྦྱོང་སོགས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ། ལྗང་མདོག་རྩིས་ནུས་ཀྱིས་སྣེ་ཁྲིད་བྱས་པའི་ཐོན་སྐྱེད་ནུས་ཤུགས་གསར་མ་མགྱོགས་མྱུར་ངང་འཕེལ་རྒྱས་སུ་གཏོང་བཞིན་པ་དང་། ལྗང་མདོག་གློག་ནུས་དེ་ལྗང་མདོག་རྩིས་ནུས་སུ་བསྒྱུར་བར་སྐུལ་འདེད་གཏོང་བཞིན་ཡོད་ལ། དག་གཙང་ནུས་ཁུངས་ས་གནས་རང་ནས་འདྲེན་སྤྱོད་བྱེད་པར་སྔར་ལས་རོགས་ཤུགས་བཏོན་ནས། རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བསྐྲུན་པར་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བཞིན་ཡོད། ཐེངས་འདིའི་མར་སྟེང་ཆུ་གློག་ས་ཚིགས་ཀྱི་འཕྲུལ་ཚན་ཐོག་མས་གློག་བཏོན་པ་དང་རྒྱལ་ཁབ་ནུས་ཁུངས་སྡེ་ཚོགས་ཀྱི་རྣམ་གྲངས་གལ་ཆེན་ལས་འགོ་ཚུགས་པ་དེས་སྤྱི་ཚོགས་ལས་རིགས་སོ་སོས་མཚོ་སྔོན་གྱིས་འཕེལ་རྒྱས་ལ་བཅངས་པའི་ཡིད་ཆེས་སྔར་ལས་ཇེ་ཆེར་བཏང་བ་དང་། ཕྱོགས་གཉིས་ཀྱིས་དངོས་གཉེར་མཉམ་ལས་སྔར་ལས་ཟབ་སྤེལ་བྱས་ཏེ། རྒྱལ་ཁབ་ཀྱི་ཐཱན་གཉིས་དམིགས་འབེན་མངོན་འགྱུར་འབྱུང་བར་མཉམ་དུ་སྟོབས་ཤུགས་འབུལ་དགོས་ཟེར།
ཝུའུ་ཞའོ་ཅུན་གྱིས་གཏམ་བཤད་སྐབས་བསྟན་དོན། མར་སྟེང་ཆུ་གློག་ས་ཚིགས་ཀྱི་འཕྲུལ་ཚན་ཐོག་མ་བཀོལ་མགོ་བརྩམས་ནས་གློག་བཏོན་པ་དེ་ནི་མཚོ་སྔོན་གྱི་ཆུ་གློག་འཕེལ་རྒྱས་ཀྱི་ལོ་རྒྱུས་དང་དག་གཙང་ནུས་ཁུངས་འཕེལ་རྒྱས་ཀྱི་ལོ་རྒྱུས་སྟེང་གི་དོན་ཆེན་ཞིག་ཡིན། རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་ཐེངས་འདིའི་སྐུལ་སློང་ཚོགས་ཆེན་གོ་སྐབས་སུ་བརྩིས་ཏེ། རྣམ་གྲངས་གལ་ཆེན་འཛུགས་སྐྲུན་གྱི་མྱུར་ཚད་དང་སྤུས་ཚད་ཕན་འབྲས་མཐོར་འདེགས་སུ་བཏང་ནས། རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་འཛུགས་སྐྲུན་དེ་སྐས་རིམ་གསར་བར་སླེབས་པར་སྐུལ་འདེད་གཏོང་དགོས། ལངས་གནས་སྔར་ལས་མཐོན་པོས་རྣམ་གྲངས་དམ་འཛིན་བྱེད་པ་དང་། ཁུངས་དྲ་ཐེག་གསོག་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། བྱེ་ཐང་དང་ཐང་རྒོད་རྟེན་གཞི་དེ་གཙོ་གནད་དུ་བྱེད་པ་དང་། ཆུ་གློག་དང་ཆུ་གསོག་གལ་ཆེན་དེ་འདེགས་སྐྱོར་དུ་བྱེད་པ། སྣ་མང་གསོག་ནུས་དེ་དཔེ་སྟོན་བྱེད་པའི་དག་གཙང་ནུས་ཁུངས་རྣམ་གྲངས་ཀྱི་སྒྲིག་བཀོད་ནུས་ཤུགས་ཡོད་རྒུས་བསྐྲུན་དགོས། འཆར་འགོད་དང་སྲིད་ཇུས། རྟེན་གཞི། རྣམ་གྲངས། ཁེ་ལས་བཅས་ཀྱི་གཅིག་གྱུར་མཐུན་སྦྱོར་འབུར་དུ་ཐོན་པར་བྱེད་པ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དང་སྲིད་ཇུས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ། ཚོང་འགུག་དངུལ་འདྲེན་ལ་ཤུགས་སྣོན་པ་དང་། ནང་འདྲེན་བྱེད་ཤུགས་ཇེ་ཆེར་བཏང་ནས། རྣམ་གྲངས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། ཞིང་ཆེན་རིམ་པའི་འགོ་ཁྲིད་ཀྱིས་འགན་གཙང་ལེན་བྱེད་པ་དང་བྱ་བའི་ཆེད་ཚན་གྱིས་ལྟ་སྐུལ་མཛུབ་སྟོན་བྱེད་པ། འགན་ནུས་སྡེ་ཁག་གིས་ཞབས་འདེགས་ཞུ་བ་སོགས་ཀྱི་རྐྱེན་སྲོལ་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། དངུལ་བསྡུ་དང་། གནས་སྤྱོད། ནུས་སྤྱོད་སོགས་རྒྱུ་རྐྱེན་གྱི་འགན་སྲུང་ནུས་ཤུགས་ཡོད་རྒུས་ལེགས་པོར་བསྒྲུབ་སྟེ། ཞབས་ཞུ་རྩེ་གྲ་དང་ཁོར་ཡུག་རྩེ་གྲ། ཕན་ནུས་རྩེ་གྲའི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་སྲུང་སྐྱོབ་བྱེད་དགོས་ཟེར།
ལིའུ་གོ་ཡེ་ཡིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རྒྱལ་ཁབ་ནུས་ཁུངས་སྡེ་ཚོགས་ལ་སེམས་ཁུར་དང་ཡིད་ཆེས་བྱས་པར་སྙིང་ཐག་པ་ནས་བཀའ་དྲིན་ཞུས་པ་དང་། ལས་རིམ་དང་པོར་འབད་འཐབ་བྱེད་པའི་འཛུགས་སྐྲུན་ལ་ཞུགས་པའི་ལས་ཁུངས་དང་མི་སྒེར་ཡོངས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས། ཁོས་བཤད་རྒྱུར། མཚོ་སྔོན་གྱིས་ཆུ་ནུས་མོད་པ་དང་། འོད་ནུས་འཛོམས་པ། རླུང་ནུས་བཟང་བ། ས་རྒྱ་ཆེ་བའི་ཐོན་ཁུངས་ཀྱི་དགེ་མཚན་ལ་བརྟེན་ནས། རྒྱལ་ཁབ་དག་གཙང་ནུས་ཁུངས་ཀྱི་ཐོན་ལས་མཐོ་ས་མགྱོགས་མྱུར་ངང་བསྐྲུན་ཏེ། རང་རྒྱལ་གྱི་ནུས་ཁུངས་དག་གཙང་དང་ཐཱན་དམའ་ཚུལ་སྒྱུར་ལ་མཚོ་སྔོན་གྱི་མ་དཔེ་འདོན་སྤྲོད་བྱས། རྒྱལ་ཁབ་ནུས་ཁུངས་སྡེ་ཚོགས་ཀྱིས་གསར་བརྗེ་བཞི་དང་མཉམ་ལས་གཅིག་གི་ནུས་ཁུངས་བདེ་འཇགས་ཀྱི་འཐབ་ཇུས་གསར་བ་ལག་བསྟར་ནན་མོ་བྱེད་པ་དང་། དམིགས་འབེན་གཅིག་དང་བྱེད་ནུས་གསུམ། ཁག་ཁུར་དྲུག་གི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱེད་པ། འགན་སྲུང་བཞི་དང་ཆེན་པོ་གཅིག་གི་འཕེལ་རྒྱས་ལམ་ཕྱོགས་ཟབ་སྤེལ་བྱས་ནས། ནུས་ཤུགས་ཡོད་རྒུས་རྣམ་གྲངས་གལ་ཆེན་གྱི་འཛུགས་སྐྲུན་དམ་འཛིན་བྱེད་ངེས་ཡིན། ང་ཚོས་ཀྲུང་དབྱང་ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་དང་ཐོན་ལས་ཚོད་འཛིན། བདེ་འཇགས་འདེགས་སྐྱོར་བཅས་ཀྱི་བྱེད་ནུས་གསུམ་འདོན་སྤེལ་གང་ལེགས་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱ་དོན་འཁྱོལ་ནན་མོ་བྱེད་པ། མཚོ་སྔོན་ཞིང་ཆེན་གྱི་འཕེལ་རྒྱས་འཆར་འགོད་ལ་ཕྱོགས་ཡོངས་ནས་སྦྲེལ་མཐུད་བྱེད་པ་དང་། སྤུས་ལེགས་ལས་གཞི་འཛུགས་སྐྲུན་དང། ལྗང་མདོག་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། གྲོང་གསེབ་དར་སྤེལ་ལ་ཧུར་ཐག་གིས་རོགས་ཤུགས་བཏོན་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་བ་རྩོམ་པར་རོགས་ཤུགས་འདོན་རྒྱུ་ཡིན་ཟེར།
ཚོགས་ཆེན་གྱིས་ཟི་ལིང་ནས་ཚོགས་ར་གཙོ་བོ་བཙུགས་པ་དང་། མར་སྟེང་ཆུ་གློག་ས་ཚིགས་ལས་གཞིའི་ཡུལ་དངོས་དང་། རྒྱལ་ཁབ་ཀྱི་སྐོར་ཐེངས་གཉིས་པའི་རྟེན་གཞི་ཆེན་མོ་མཚོ་ནུབ་ཁུལ་ཚ་འདམ་ཆེ་བའི་སྟོང་ཝ་ས་ཡ་གཅིག་གི་རླུང་འོད་གསོག་པའི་རྣམ་གྲངས་ལས་འགོ་ཚུགས་པའི་ཡུལ་དངོས། མཚོ་སྔོན་དང་ཧི་པེའི་ཐད་རྒྱུག་གློག་རྒྱུན་སྐབས་གཉིས་པའི་མཚོ་ལྷོ་ཁུལ་གྱི་སྟོང་ཝ་འབུམ་གཅིག་གི་ཚ་འོད་རྣམ་གྲངས་ལས་འགོ་ཚུགས་པའི་ཡུལ་དངོས་བཅས་ནས་ཡན་ལག་ཚོགས་ར་བཙུགས། ཞིང་ཆེན་གྱི་འགོ་ཁྲིད་ཝང་ལིན་ཧུའུ་དང་། ཀྲུའུ་ཞང་ཧྥིན། ལོས་ཀང་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས།
ལྷ་མོ་འཚོས་བསྒྱུར།