ཞིང་ཆེན་སྲིད་གཞུང་གིས་སྔ་གཞུག་ཏུ་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས།
2024.04.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ4པའི་ཚེས1ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་སྔ་གཞུག་ཏུ་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན། ཀྲུང་དབྱང་གི་གྲོས་ཚོགས་གལ་ཆེན་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་ཤིང་། ཞིང་ཆེན་ཏང་ཨུའི་བླང་བྱ་དངོས་འབེབས་དང་འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས།

གྲོས་ཚོགས་སྟེང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུའུ་ནན་དུ་རྟོག་ཞིབ་མཛད་སྐབས་ཀྱི་གསུང་བཤད་དང་མཛུབ་སྟོན་དགོངས་དོན་གལ་ཆེན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་ཀྱི་དགོངས་དོན་གལ་ཆེན་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ནུས་ཤུགས་གཅིག་བསྡུས་ཀྱིས་ཚན་རྩལ་གསར་གཏོད་དམ་འཛིན་བྱེད་པ་དང་། ཁེ་ལས་ཆེ་འབྲིང་ཆུང་གསུམ་གཅིག་འབྲེལ་གསར་གཏོད་ཀྱི་མཉམ་སྦྲེལ་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་བ། ནུས་ཁུངས་གསར་པ་དང་རྒྱུ་ཆ་གསར་པ་སོགས་ཐོན་ལས་ཕྲེང་འབྲེལ་གཙོ་བོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགུལ་སྐྱོད་ལག་བསྟར་བྱས་ནས། ཚན་རྩལ་གྲུབ་འབྲས་མྱུར་དུ་དངོས་ཡོད་ཀྱི་ཐོན་སྐྱེད་ནུས་པར་སྒྱུར་བར་སྐུལ་འདེད་གཏོང་དགོས། ནུས་ཤུགས་གཅིག་བསྡུས་ཀྱིས་ཕྱོགས་ཡོངས་བཅོས་སྒྱུར་ཟབ་སྤེལ་ལ་སྐུལ་འདེད་བཏང་སྟེ། བཅོས་སྒྱུར་གྱི་ལས་འགན་ཁག་ནན་འཛིན་བྱེད་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ཁྲོད་གཏིང་ཟབ་སྒོས་འདྲེས་པར་བྱེད་དགོས་ལ། ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་ཤར་ནུབ་ཁུལགྱི་་མཉམ་ལས་ཕྱོགས་ཡོངས་ནས་ཇེ་ཟབ་ཏུ་གཏོང་བ་དང་ལྷད་མེད་རྩིས་ནུས་ཐོན་ལས་འཕེལ་རྒྱས་གཏོང་བའི་མཚམས་སྦྱོར་གྲོས་ཚོགས་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་དགོས། ནུས་ཤུགས་གཅིག་བསྡུས་ཀྱིས་གྲོང་གསེབ་ཕྱོགས་ཡོངས་དར་སྤེལ་ལ་སྐུལ་འདེད་བཏང་སྟེ། ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་མྱུར་དུ་བསྐྲུན་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་རྒྱ་སྐྱེད་གཏོང་དགོས་ཤིང་། གྲོང་གསེབ་འཛུགས་སྐྱོང་བྱ་བར་ཏན་ཏིག་དང་གོ་རིམ་ཡོད་པའི་སྒོ་ནས་སྐུལ་འདེད་གཏོང་དགོས། ནུས་ཤུགས་གཅིག་བསྡུས་ཀྱིས་རིག་གནས་ལས་དོན་དར་སྤེལ་བཏང་སྟེ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་དང་། རིག་གནས་ལས་རྣམ་གསར་པ་མྱུར་དུ་འཕེལ་རྒྱས་གཏོང་དགོས། ནུས་ཤུགས་གཅིག་བསྡུས་ཀྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་།  རྩ་འཛུགས་བྱས་ནས་སྲིད་གཞུང་ཏང་ཙུའུ་ཡི་ཏང་གི་སྒྲིག་སྲོལ་སློབ་སྦྱོང་སློབ་གསོ་ཡག་པོར་སྤེལ་དགོས་ཤིང་། རྩིས་བཤེར་ལྟ་སྐུལ་དང་སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ། སྐོར་ཞིབ་སྐོར་སྐྱོད་ལྟ་ཞིབ་བཅས་ཀྱི་གཅིག་འབྲེལ་མཐུན་སྦྱོར་ལ་ཤུགས་བསྣན་ནས། རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་ཉན་པ། རུལ་སུངས་བྱེད་མི་འདོད་པ་བཅས་གཞི་གཅིག་ཏུ་སྤེལ་བའི་ནུས་པ་དང་ཆུ་ཚད་དངོས་སུ་ཇེ་མཐོར་གཏོང་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་སྟེང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་། ཟླ3པའི་ཚེས22ཉིན་བསྡུས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། སྔོན་སྐབས་བརྟན་འཇགས་དང་བརྟན་འཇགས་འཕར་སྣོན་ལ་དམིགས་ཏེ་བྱ་བའི་གདེང་ཚད་ལ་ཤུགས་སྣོན་པ་དང་། ལས་ཡུལ་རུ་གཙོ་བཟང་པོ་ཞིག་བྱས་ནས་རྒྱལ་ཁ་མངོན་འགྱུར་བྱེད་པར་འབད་བརྩོན་བྱེད་དགོས། སྲིད་ཇུས་སྣ་ཚོགས་བཀོལ་སྤྱོད་གང་ལེགས་བྱས་ཏེ། ཚོང་འགུག་དངུལ་འདྲེན་གྱི་ནུས་ཚད་ཇེ་ཆེར་གཏོང་དགོས། ལྷད་མེད་རྩིས་ནུས་ཐོན་ལས་ཤུགས་ཆེན་པོས་འཕེལ་རྒྱས་བཏང་སྟེ། ཐོན་སྐྱེད་ནུས་ཤུགས་གསར་མ་མྱུར་དུ་གསོ་སྐྱོང་དང་འཕེལ་རྒྱས་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། ཡིད་རྟོན་དངུལ་བུན་ཐོན་ཁུངས་སྡེབ་སྒྲིག་ལེགས་སྒྱུར་བྱས་ཏེ། མཚོ་སྔོན་གྱི་ཡིད་རྟོན་དངུལ་བུན་མཉམ་བསྲེས་སྟེགས་བུའི་ནུས་པ་འདོན་སྤེལ་བྱེད་པ་དང་། མ་དངུལ་གཅིག་བསྡུས་ཞབས་ཞུའི་ནུས་པ་དང་ཆུ་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་དགོས། ཁང་ས་སྲིད་ཇུས་ལེགས་སྒྱུར་བྱས་ཏེ། ཁང་སའི་ཚོང་ར་བརྟན་འཇགས་བདེ་ཐང་སྒོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་སྟེང་ཞིང་ཆེན་ཡོངས་ཀྱི2023ལོའི་རོགས་འདེགས་རོགས་སྐྱོར་བྱ་བར་སྤྱི་བསྡོམས་དང2024ལོའི་ལས་སྒྲུབ་སྙན་ཞུ། ཅང་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་ཐོན་ལས་མཉམ་ལས་བྱ་བའི་སྙན་ཞུ་བཅས་ལ་ཉན། གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁ་གཏད་རོགས་སྐྱོར་དང་ཤར་ནུབ་ཁུལ་མཉམ་ལས་བྱ་བའི་སྐོར་གྱི་མཛུབ་སྟོན་གལ་་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་ཆོད་དངོས་འབེབས་བྱེད་པ་དང་། མཉམ་ལས་ཁྱབ་ཁོངས་རྒྱ་སྐྱེད་དང་གཏིང་ཟབ་ཏུ་བཏང་ནས། རོགས་སྐྱོར་མཉམ་ལས་དེ་རིམ་པ་སྔར་ལས་ཟབ་ཅིང་ཆུ་ཚད་སྔར་ལས་མཐོ་བ། ཁྱབ་ཁོངས་སྔར་ལས་ཡངས་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་སྟེང་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་དག་ཐེར་སྐོར་ཐེངས་གསུམ་པ་དང་། ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་ཚོགས་གཞི་གཅིག་ཅན་དུ་འཕེལ་རྒྱས་སུ་གཏོང་བའི་ལས་དོན་ལ་ཞིབ་འཇུག་བྱས། གྲོས་ཚོགས་ལས་ཞི་ཅིན་ཕིང་གི་སྐྱེ་ཁམས་དགོངས་པ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་གི་བྱ་བའི་བླང་བྱ་ཕྱོགས་ཡོངས་ནས་དངོས་འབེབས་བྱེད་དགོས་ཤིང་། གྲུབ་འབྲས་སྔོན་རྟོགས་ཀྱིས་དག་ཐེར་དམ་འཛིན་བྱེད་པ་དང་རྩ་ལག་མཉམ་བཅོས་སྒོས་དག་ཐེར་དམ་འཛིན་བྱེད་པ། འགན་འཁྲི་ནན་དཀྲི་བྱས་ནས་དག་ཐེར་དམ་འཛིན་བྱེད་དགོས་པར་མ་ཟད། ལྟ་ཞིབ་ལས་རྙེད་པའི་གནད་དོན་དག་ཐེར་བྱེད་པའི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་ཁུར་དགོས། བསམ་བཀོད་གཅིག་གི་བསམ་གཞིགས་བརྟན་པོ་གཏོང་བ་དང་། གཞི་གཅིག་ཅན་གྱི་འདུ་ཤེས་རྒྱུན་འཁྱོངས་དང་སྤུས་ཚད་མཐོ་བའི་བརྗོད་དོན་ལ་དམིགས་པ་དང་།  དགེ་མཚན་རང་བཞིན་གྱི་ཐབས་ལམ་ཡང་དག་བཙལ་ཞིང་རྣམ་གྲངས་ཅན་གྱི་བྱེད་ཐབས་ཤུགས་དྲག་ཏུ་བཏང་ནས། ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་ཚོགས་འཛུགས་སྐྲུན་བྱ་རྒྱུ་དེ་ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་སྲོག་ཤིང་འཕར་གཞི་རུ་འགྱུར་བར་འབད་འབུངས་བྱེད་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་སྟེང་ད་དུང་དོན་དག་གཞན་པར་ཞིབ་འཇུག་བྱས།

རིག་འཛིན་སྒྲོལ་མས་བསྒྱུར།