ཟླ4པའི་ཚེས1ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཀྲང་སའེ་རུའུ་ཨར་ནེ་ལ་མཇལ་འཕྲད་གནང་།
ཟླ4པའི་ཚེས1ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཀྲང་སའེ་རུའུ་ཨར་ནེ་ལ་མཇལ་འཕྲད་གནང་།
ལིས་ཆང་གིས་ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བ་དུས་ཡུན་རིང་པོའི་ནང་ཀྲུང་གོ་དང་ནུབ་ཕྱོགས་རྒྱལ་ཁབ་ཆེན་པོའི་འབྲེལ་བའི་མདུན་གྲལ་དུ་སླེབས་ཏེ། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད་པར་མ་ཟད། འཛམ་གླིང་ལའང་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། ད་ལོ་ནི་ཀྲུང་གོ་དང་ཧྥ་རན་སིའི་བར་འབྲེལ་བ་བཙུགས་ནས་ལོ60འཁོར་བའི་ལོ་ཡིན་ལ། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་མཱ་ཁི་ལུང་གིས་ཕན་ཚུན་བར་གློག་འཕྲིན་བཏང་ནས་རྟེན་འབྲེལ་ཞུས་ཏེ། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་སྔར་ལས་འཕེལ་རྒྱས་འབྱུང་བར་སྐུལ་འདེད་གཏོང་རྒྱུའི་ཐད་མོས་མཐུན་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སི་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་རྒྱུ་དང་། རིམ་པ་སོ་སོའི་བར་གྱི་འགྲོ་འོང་ལ་ཤུགས་སྣོན་པ། སྲོལ་རྒྱུན་མཛའ་མཐུན་དར་སྤེལ་གང་ལེགས་གཏོང་བ། གཉིས་ཕན་མཉམ་ལས་ཟབ་སྤེལ་གཏོང་བ། ཕན་ཚུན་རྒྱུས་ལོན་བྱེད་ཚད་སྔར་ལས་ཇེ་ཆེར་གཏོང་བ། བློ་བརྟན་འགྱུར་མེད་ངང་ཕྱོགས་གཉིས་ཀའི་འབྲེལ་བར་སྐུལ་འདེད་གཏོང་བ། རྒྱལ་ཁབ་གཉིས་ཀའི་འབྲེལ་བའི་བརྟན་བརླིང་རང་བཞིན་ལ་བརྟེན་ནས། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་སྔར་ལས་འཕེལ་རྒྱས་གང་ལེགས་ཡོང་བར་སྐུལ་མ་གཏོང་བ། ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་པ་བཅས་བྱས་ནས། འཛམ་གླིང་གི་འཕེལ་རྒྱས་ལ་གཏན་འཁེལ་རང་བཞིན་སྔར་ལས་གང་མང་སྣོན་འདོད་ཡོད་ཅེས་གསུངས།
ལིས་ཆང་གིས་ཀྲུང་གོ་དང་ཧྥ་རན་སིའི་དཔལ་འབྱོར་ལ་ཕན་ཚུན་གསབ་རེས་ཀྱི་དགེ་མཚན་ཆེན་པོ་ལྡན་ལ། ཁེ་ཕན་གྱི་མཐུན་ཆ་ཡང་མང་པོ་ཡོད། ཀྲུང་གོ་ཕྱོགས་ཀྱིས་དུས་རྣམ་ཀུན་ཏུ་ཧྥ་རན་སི་འདི་ཉིད་མཉམ་ལས་ཟླ་གྲོགས་ཀྱི་ཐོག་མ་རུ་བརྩི་བཞིན་ཡོད། ཧྥ་རན་སི་ཕྱོགས་དང་མཉམ་དུ། སྲོལ་རྒྱུན་མཉམ་ལས་ཟབ་སྤེལ་གཏོང་བ་དང་མཉམ་དུ། ལྗང་མདོག་ནུས་ཁུངས་དང་ཚན་རྩལ་གསར་གཏོད། སྔོན་ཐོན་བཟོ་སྐྲུན། མིས་བཟོས་རིག་ནུས། གཞི་གྲངས་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྦས་ཤུགས་སྔོག་འདོན་ཟབ་མོ་བྱས་ཏེ། གཉིས་ཕན་གཉིས་རྒྱལ་སྔར་ལས་གང་ལེགས་མངོན་འགྱུར་བྱེད་འདོད་ཡོད། ཧྥ་རན་སི་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ལ་སྒོ་འབྱེད་དང་དྲང་བདེན། མཐོང་ཆུང་མི་བྱེད་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་མཁོ་འདོན་བྱེད་པ་དང་ཆབས་ཅིག་ཏུ། ཡོ་རོབ་ཕྱོགས་ཀྱིས་དཔལ་འབྱོར་གྱི་ཆོས་ཉིད་དང་ཁྲོམ་རའི་སྒྲིག་སྲོལ་ལ་བརྩི་སྲུང་ཞུ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ནས། གྲོས་མོལ་བྱས་པ་བརྒྱུད་ཕྱོགས་གཉིས་ཀའི་དོ་ཁུར་བྱེད་ཡུལ་ཐག་གཅོད་འོས་འཚམ་བྱ་རྒྱུའི་རེ་ལྟོས་ཆེ། མཉམ་ལས་མི་བྱེད་པ་དང་འཕེལ་རྒྱས་མི་གཏོང་བ་ནི་ཉེན་ཁ་ཆེན་པོ་ཞིག་རེད། ཀྲུང་གོ་དང་ཧྥ་རན་སི་ནི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་དང་འགན་འཁུར་བའི་རྒྱལ་ཁབ་ཆེན་པོ་ཡིན་པའི་དབང་གིས། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སི་ཕྱོགས་དང་མཉམ་དུ། ཕྱོགས་མང་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་སྤྱིའི་སྟེང་གི་གླེང་ཐེངས་མང་བའི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་སྔར་ལས་འཐུས་ཚང་དུ་གཏོང་ཆེད་བྱས་རྗེས་ཆེན་པོ་འཇོག་འདོད་ཡོད་ཅེས་གསུངས།
སའེ་རུའུ་ཨར་ནེ་ཡིས་ཧྥ་རན་སི་དང་ཀྲུང་གོའི་འབྲེལ་བས་རྒྱལ་ཁབ་གཉིས་དང་འཛམ་གླིང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། ཧྥ་རན་སི་ཕྱོགས་ཀྱིས་རང་བཙན་རང་བདག་རྒྱུན་འཁྱོངས་བྱས་ནས། དཔུང་སྡེབ་ནས་ཁ་གཏད་དུ་ལངས་རེས་བྱེད་པ་དང“འབྲེལ་ཐག་གཅོད་པར”ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས། ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ཏེ། ཀྲུང་གོ་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ60འཁོར་བར་རྟེན་འབྲེལ་ཞུ་རྒྱུ་གོ་སྐབས་སུ་བརྩིས་ནས། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་བྱས་ཏེ། དཔལ་འབྱོར་ཚོང་དོན་དང་ཁོར་ཡུག་སྲུང་སྐྱོབ། མིས་བཟོས་རིག་ནུས། མི་གཞུང་རིག་གནས་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ཟབ་སྤེལ་བྱེད་རྒྱུ་དང་། མཉམ་དུ་ལག་གདང་སྦྲེལ་ནས་འཛམ་གླིང་ཧྲིལ་པོའི་འགྲན་སློང་ལ་ཁ་གཏད་ནུས་ལྡན་འཇལ་ཏེ། རྒྱལ་ཁབ་གཉིས་ཀའི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་སྔར་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།
བན་དེ་སྐྱབས་ཀྱིས་བསྒྱུར།