ཞིང་ཆེན་ཡོངས་ཀྱི་མཁར་གྲོང་གི་འབར་རླངས་བདེ་འཇགས་ཆེད་དོན་བཅོས་སྐྱོང་དང་འབར་རླངས་སྦུག་ལམ་གྱི་རྐྱེན་ངན་ཆེད་དོན་བཅོས་སྐྱོང་བྱ་བར་སྐུལ་འདེད་གཏོང་བའི་བརྙན་རིས་གྲོས་ཚོགས་བསྡུས།
2024.04.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བཞི་བའི་ཚེས་གཉིས་ཉིན། ཞིང་ཆེན་ཡོངས་ཀྱི་མཁར་གྲོང་གི་འབར་རླངས་བདེ་འཇགས་ཆེད་དོན་བཅོས་སྐྱོང་དང་འབར་རླངས་སྦུག་ལམ་གྱི་རྐྱེན་ངན་ཆེད་དོན་བཅོས་སྐྱོང་བྱ་བར་སྐུལ་འདེད་གཏོང་བའི་བརྙན་རིས་གྲོས་ཚོགས་བསྡུས། གྲོས་ཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོག་མཆན་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་རེ་བ་དངོས་འབེབས་ནན་མོ་བྱས་ཏེ། གནས་བབ་ལ་དབྱེ་ཞིབ་དང་བརྡར་གཅོད་གང་ལེགས་བྱེད་པ་དང་། ཞན་ཆ་དང་མི་འདང་ས་ཁ་གསབ་བྱེད་པ། ཐག་གཅོད་གནད་དོན་ལ་ཞིབ་འཇུག་བྱས་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་མཁར་གྲོང་གི་འབར་རླངས་སྦུག་ལམ་གྱི་ཆེད་དོན་བཅོས་སྐྱོང་གི་ལས་འགན་གཙོ་བོ་བཀོད་སྒྲིག་བྱས། ཧྲིན་ཀྲང་གཞོན་པ་ཧི་ལུའུ་ཁྲོན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་ཏེ་གཏམ་བཤད་སྤེལ།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། མཁར་གྲོང་གི་འབར་རླངས་བདེ་འཇགས་དེ་ཁྱིམ་ཚང་ཁྲི་སྟོང་མང་བོར་འབྲེལ་བ་དང་། མང་ཚོགས་ཀྱི་བདེ་འཇགས་དང་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཆེ་ཕྱོགས་ལ་འབྲེལ་ཡོད། ན་ནིང་རྒྱལ་ཡོངས་ཀྱི་འབར་རླངས་བདེ་འཇགས་ཆེད་དོན་བཅོས་སྐྱོང་བྱ་བ་སྤེལ་བའི་ཚུན་ལ། ཞིང་ཆེན་ཡོངས་ཀྱིས་འབར་རླངས་ཀྱི་བདེ་འཇགས་ཐད་ཀྱི་མི་མངོན་པའི་རྐྱེན་ངན་རྩད་ཞིབ་ནན་མོ་བྱེད་པ་དང་མུ་འབྲེལ་ཅན་གྱི་བཅོས་སྐྱོང་ལ་གཏིང་ཟབ་ཏུ་སྐུལ་འདེད་བཏང་སྟེ། བྱ་བ་སྣ་ཚོགས་ལ་གྲུབ་འབྲས་བཟང་བོ་ཐོབ་ཡོད་ཀྱང་། ཞན་ཆ་དང་མི་འདང་ས་ད་རུང་མང་བོ་ཡོད། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ཆབ་སྲིད་ཀྱི་ལངས་གནས་ཟོལ་མེད་ཀྱིས་མཐོར་འདེགས་བྱེད་པ་དང་གྲོང་ཁྱེར་གྱི་འབར་རླངས་སྦུག་ལམ་གྱི་རྐྱེན་ངན་ཆེད་དོན་བཅོས་སྐྱོང་བྱེད་པའི་གལ་ཆེན་རང་བཞིན་ལ་ངོས་འཛིན་གསལ་བོ་བྱས་ཤིང་། དུས་ངེས་མེད་དུ་སྣང་ཆུང་མི་བྱེད་པའི་འགན་འཁྲིའི་འདུ་ཤེས་ཀྱིས་བྱ་བའི་བྱེད་ཐབས་སྣ་ཚོགས་བྱེ་བྲག་ཏུ་དངོས་འབེབས་བྱས་ནས། བདེ་འཇགས་ཐོན་སྐྱེད་ཀྱི་མཐའ་ཚད་མཐའ་གཅིག་ཏུ་བརྟན་སྲུང་བྱེད་དགོས། དམིགས་འབེན་ལས་འགན་གསལ་བོ་དང་བྱ་བའི་འགན་འཁྲི་དངོས་འབེབས་བྱེད་པ། སྒྲིག་ལུགས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ཟོལ་མེད་ཀྱིས་གནས་ཚུལ་རྒྱུས་ལོན་གསལ་བོ་བྱེད་པ། ཤུགས་ཆེན་པོས་མི་མངོན་པའི་རྐྱེན་ངན་དག་ཐེར་བཅོས་སྐྱོང་བྱས་ཏེ། འབར་རླངས་ཀྱི་སྒྲིག་ཆས་རྙིང་འགྱུར་གྱི་གསར་བསྒྱུར་བྱ་བར་སྐུལ་འདེད་གཏོང་དགོས། ཁྲིམས་ལྟར་ཤུགས་ཆེན་པོས་འབར་རླངས་ཚོང་གཉེར་ཁེ་ལས་ཀྱི་རིགས་དགར་ལེགས་སྒྲིག་ལ་སྐུལ་འདེད་གཏོང་བ་དང་། ཤུགས་ཆེན་པོས་འབར་རླངས་ཀྱི་བདེ་འཇགས་དྲིལ་སྒྲོག་ཤུགས་ཚད་ཇེ་ཆེར་བཏང་ནས། རྒྱུན་རྣམ་ཅན་གྱིས་བདེ་འཇགས་རྩལ་ནུས་གསོ་སྦྱོང་སྤེལ་བ་དང་ཁྲིམས་འགལ་བྱ་སྤྱོད་ལ་དོ་དམ་ཆད་གཅོད་ནན་མོ་བྱེད་པ། ཧུར་ཐག་སྒོས་མ་དངུལ་དང་ལས་གཞིའི་རྒྱབ་སྐྱོར་བརྩོན་ལེན་བྱས་ཏེ། མཁར་གྲོང་གི་འབར་རླངས་བདེ་འཇགས་ཀྱི་རྩ་ལག་མཉམ་བཅོས་བྱེད་པའི་འགུལ་སྐྱོད་ལ་སྐུལ་འདེད་གཏོང་བ་དང་། ཟོལ་མེད་ཀྱིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་སྤྱི་ཚོགས་ཀྱི་ཆེ་ཕྱོགས་གཏན་འཇགས་ལ་སྲུང་སྐྱོབ་བྱེད་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།