ཀྲང་གོ་ཆིན་གྱིས་ཐེན་ཅིན་དུ་རྟོག་ཞིབ་བྱས།
2024.04.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིན་གྱིས་ཟླ4པའི་ཚེས1ཉིན་ནས་ཚེས2ཉིན་བར་ཐེན་ཅིན་དུ། རྒྱལ་དབང་ཁེ་ལས་བཅོས་སྒྱུར་དང་ཆེད་ལས་དང་སྤུས་ལེགས་ཅན་གྱི་ཁྱད་གསར་ཁེ་ལས་འཕེལ་རྒྱས་གཏོང་བ་སོགས་ཀྱི་འབྲེལ་ཡོད་ལས་དོན་ལ་རྟོག་ཞིབ་བྱས།  ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་རྒྱུ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་གཙོ་བོར་སྟངས་འཛིན་ནན་མོ་བྱེད་པ། རྒྱལ་དབང་ཁེ་ལས་བཅོས་སྒྱུར་ཟབ་སྤེལ་དང་དེའི་རིམ་སྤོར་བྱ་སྤྱོད་ལག་བསྟར་ནན་མོ་བྱེད་པ། ཆེད་ལས་དང་སྤུས་ལེགས་ཅན་གྱི་ཁྱད་གསར་ཁེ་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་བཅས་བྱས་ནས། རྣམ་པ་གསར་པའི་བཟོ་ལས་ཅན་དང་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པ། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་བཅས་ལ་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱེད་དགོས་ཞེས་ནན་གྱིས་བསྟན།

ཀྲང་གོ་ཆིན་གྱིས་རྒྱལ་དབང་རྒྱུ་ནོར་ཀྲུང་དབྱང་ཁེ་ལས་ཀྱིས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོར་ཞབས་འདེགས་ཞུ་རྒྱུར་དམ་པོར་དམིགས་ཏེ། ཚན་རྩལ་གསར་གཏོད་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། ལག་རྩལ་ནུས་པ་འཛུགས་སྐྲུན་ལ་ཤུགས་སྣོན་པ། སྔར་ལས་སྟོབས་ལྡན་དུ་གཏོང་བ་དང་ཇེ་ལེགས་སུ་གཏོང་བར་ཤུགས་སྣོན་པ། གསར་དར་ཐོན་ལས་འཕེལ་རྒྱས་གང་ལེགས་གཏོང་བ། མ་འོངས་པའི་ཐོན་ལས་སྐྱེད་སྲིང་བཅས་བྱས་ནས། རྒྱལ་དབང་མ་རྩའི་ཁྱབ་ཚུལ་གྲུབ་ཆ་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་བ་དང་རྒྱལ་དབང་མ་རྩའི་བཀོད་སྒྲིག་ལས་ཆོད་མངོན་སུམ་ཆེ་རུ་གཏོང་དགོས། ཁེ་ལས་འཕེལ་རྒྱས་ཀྱི་གསོན་ཤུགས་རྒྱས་རྒྱུར་དམ་པོར་དམིགས་ཏེ། དབང་ཆ་དང་ལྟ་སྐུལ་དོ་དམ་ཕན་ཚུན་ཟུང་འབྲེལ་དང་སྔར་ལས་ཇེ་རྒྱས་སུ་གཏོང་བ་དང་དོ་དམ་ཡག་པོ་བྱ་རྒྱུ་བཅས་གཅིག་གྱུར་རྒྱུན་འཁྱོངས་བྱས་ནས། རིགས་དབྱེ་དང་གནད་ཁེལ་གྱི་དཔྱད་ཞིབ་གདེང་འཇོག་ཟབ་མོ་བྱས་ནས། སྔར་ལས་ཚད་ལྡན་དང་ལས་ཆོད་ཆེ་བའི་སྐུལ་གཏོང་དང་ཚོད་འཛིན་གྱི་ལམ་སྲོལ་འཛུགས་དགོས། རིགས་སོ་སོའི་ཉེན་ཁ་ཡི་དོ་དམ་ཚོད་འཛིན་བྱེད་ནུས་ཆེ་རུ་བཏང་ནས། རྒྱལ་དབང་རྒྱུ་ནོར་ཀྲུང་དབྱང་ཁེ་ལས་ལ་ལྟ་སྐུལ་དོ་དམ་བྱེད་པའི་ནུས་པ་ཆེ་རུ་བཏང་སྟེ། ཉེན་ཁ་སྣ་ཚོགས་མི་ཐོན་རྒྱུ་ནན་འགོག་བྱེད་དགོས། ས་གནས་བར་དངོས་གཉེར་མཉམ་ལས་ཟབ་མོ་བྱས་ནས། ཐོན་ལས་ཕྲེང་འབྲེལ་དང་གསར་གཏོད་ཕྲེང་འབྲེལ། མཁོ་སྤྲོད་ཕྲེང་འབྲེལ་སོགས་ཐད་ཀྱི་འབྲེལ་མཐུད་མཉམ་འགུལ་ལ་ཤུགས་བསྣན་ནས། པེ་ཅིང་དང་ཐེན་ཅིན། ཧི་པེ་བཅས་མཐུན་སྦྱོར་འཕེལ་རྒྱས་སོགས་ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན་ལག་བསྟར་ལ་སྔར་ལས་ཞབས་འདེགས་ཞུ་དགོས་ཞེས་ནན་གྱིས་བསྟན།

ཀྲང་གོ་ཆིན་གྱིས་ཁེ་ལས་ཆུང་འབྲིང་ཁེ་ལས་ཆེ་གྲས་ཀྱི་མཁོ་སྤྲོད་ཕྲེང་འབྲེལ་འཛུགས་སྐྲུན་ཁྲོད་འབད་པས་ཞུགས་རྒྱུར་རྒྱབ་སྐྱོར་བྱས་ནས། ཁེ་ལས་ཆེ་གྲས་ཀྱིས་ཁེ་ལས་ཆུང་འབྲིང་ལ་གསར་གཏོད་ཐོན་ཁུངས་དང་བཀོལ་སྤྱོད་རྣམ་པ་སྒོ་འབྱེད་བྱ་རྒྱུར་སྐུལ་ལྕག་བཏང་ནས། ཁེ་ལས་ཆུང་འབྲིང་དང་ཆེ་གྲས་མཉམ་དུ་འཕེལ་རྒྱས་ཡོང་བ་དང་མཉམ་ལས་གཉིས་ཕན་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།