ལིས་ཆང་གིས་ཧིན་རྡུ་ཉི་ཞི་ཡའི་གསར་བསྐོས་ཙུང་ཐུང་ཕུའུ་ལཱ་པའོ་ཝོ་ལ་མཇལ་འཕྲད་གནང་།
2024.04.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བཞི་པའི་ཚེས་གཉིས་ཉིན་གྱི་སྔ་དྲོར།   རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧིན་རྡུ་ཉི་ཞི་ཡའི་གསར་བསྐོས་ཙུང་ཐུང་ཕུའུ་ལཱ་པའོ་ཝོ་ལ་མཇལ་འཕྲད་གནང་།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ་བཞི་པའི་ཚེས་གཉིས་ཉིན་གྱི་སྔ་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧིན་རྡུ་ཉི་ཞི་ཡའི་གསར་བསྐོས་ཙུང་ཐུང་ཕུའུ་ལཱ་པའོ་ཝོ་ལ་མཇལ་འཕྲད་གནང་།

ལིས་ཆང་གིས་ཉེ་བའི་ལོ་འགའི་རིང་ལ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ཁྲིད་སྟོན་འོག་ཏུ།   ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་འབྲེལ་བ་མགྱོགས་མྱུར་འཕེལ་རྒྱས་སོང་སྟེ་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་པའི་ལེའུ་གསར་པ་འབྲི་མགོ་བརྩམས།    སྐུ་ཞབས་ཕུའུ་ལཱ་པའོ་ཝོ་ཙུང་ཐུང་དུ་བདམས་རྗེས་ཀྲུང་གོར་མཚམས་འདྲིར་ཡོང་བ་དེས་རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེ་ཟབ་མོ་ཡང་བསྐྱར་མངོན་པར་བྱས་ཡོད།    ཁ་སང་ཀྲུའུ་ཞི་ཅིན་ཕིང་གིས་སྐུ་ཞབས་ཁྱེད་དང་མཉམ་དུ་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་འབྲེལ་བའི་ཡུན་རིང་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་བསམ་ཚུལ་བརྗེ་རེས་ཟབ་མོ་གནང་སྟེ་ཐུན་མོང་གི་ངོས་འཛིན་གལ་ཆེན་སྐོར་ཞིག་གྲུབ་པར་བྱས།    ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡ་ཕྱོགས་དང་མཉམ་དུ།   ཆུ་ཚད་མཐོ་བའི་འཐབ་ཇུས་ཡིན་རྟོན་སྲུང་འཛིན་བྱེད་པ་དང་ཕྱོགས་ཡོངས་ཀྱི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ།    ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་རྒྱུ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་མཉམ་རྒྱལ་གྱི་གྲུབ་འབྲས་སྔར་ལས་མང་པོ་ཐོབ་པ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་བསྟན།

ལིས་ཆང་གིས་ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡ་མཉམ་དུ་མཐོ་རིམ་འགྲོ་འོང་གི་རྣམ་པ་བཟང་བོ་སྲུང་འཛིན་བྱེད་པ་དང་རིམ་པ་སོ་སོའི་གྲོས་མོལ་ནང་རྐྱེན་བཀོལ་སྤྱོད་བཟང་བོ་བྱས་ཏེ་སྲིད་ཇུས་ཀྱི་འབྲེལ་འདྲིས་མཐུན་སྦྱོར་ལ་ཤུགས་སྣོན་འདོད་ཡོད།   ཕྱོགས་གཉིས་ཀྱིས་རྒྱུད་གཅིག་ལམ་གཅིག་གྲོས་འགོ་དེ་ཧིན་རྡུ་ཉི་ཞི་ཡའི་འཕེལ་རྒྱས་འཐབ་ཇུས་དང་སྦྲེལ་མཐུད་བྱེད་པར་སྔར་ལས་ཤུགས་སྣོན་པ་དང་།  ཁུལ་ཁོངས་ཀྱི་ཕྱོགས་བསྡུས་དཔལ་འབྱོར་བར་ཁྱམས་དང་རྒྱལ་ཁབ་གཉིས་ཀྱི་གླིང་གཉིས་སོགས་ལས་གཞི་གལ་ཆེན་གྱི་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ།   ཞིང་ལས་དང་ནགས་ལས།   ཉ་ལས་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་ཞོར་དུ།    གཞི་གྲངས་དཔལ་འབྱོར་དང་ལྷད་མེད་དཔལ་འབྱོར་སོགས་མཐོ་གསར་ལག་རྩལ་དང་གསར་དར་ཐོན་ལས་མཉམ་ལས་རྒྱ་བསྐྱེད་དེ་དབུལ་སེལ་འཕེལ་རྒྱས་དང་གྲོང་གསེབ་དར་སྤེལ་སོགས་དམངས་ཚིས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་དགོས།   ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡ་ཕྱོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་དང་ཨེ་ཤ་ཡ་ཤར་མའི་མཉམ་ལས་རྐྱེན་སྲོལ་སོགས་ཕྱོགས་མང་ཁྱབ་ཁོངས་ཀྱི་མཐུན་སྦྱོར་རོགས་རེས་ལ་ཤུགས་བསྣན་ནས་རྒྱ་ཆེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་ཕན་ལ་མཉམ་དུ་སྲུང་སྐྱོབ་བྱེད་པ་དང་རྒྱལ་སྤྱིའི་འདྲ་མཉམ་དྲང་གཞག་ལ་སྲུང་སྐྱོབ་བྱེད་པ།   འཛམ་གླིང་ཧྲིལ་བོའི་བཅོས་སྐྱོང་སྔར་ལས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ས་ཁུལ་དང་འཛམ་གླིང་གི་དར་རྒྱས་གཏན་འཇགས་ཐད་བྱས་རྗེས་འཇོག་འདོད་ཡོད་ཅེས་བསྟན།

ཕུའུ་ལཱ་པའོ་ཝོ་ཡིས་ཧིན་རྡུ་ཉི་ཞི་ཡ་དང་ཀྲུང་གོ་ བར་དུ་བརྗེ་རེས་ཀྱི་ལོ་རྒྱུས་ཧ་ཅང་རིང་།   ཧིན་རྡུ་ཉི་ཞི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡ་དང་ཧིན་རྡུ་ཞི་ཡའི་མི་དམངས་ལ་བརྩི་བཀུར་དང་མཛའ་བརྩེ་བཅངས་བར་བསྟོད་བསྔགས་བྱེད་བཞིན་ཡོད་ལ།   ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡའི་ཕྱོགས་ལ་ནུས་ཡོད་རྒྱབ་སྐྱོར་དང་རོགས་སྐྱོར་འདོན་སྤྲོད་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད།   ང་ཙུང་ཐུང་དུ་བདམས་རྗེས་ཐོག་དང་པོར་ཀྲུང་གོར་དངོས་གཞིའི་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེ་དང་མཉམ་ལས་སྲ་བརྟན་དུ་གཏོང་བར་ཤུགས་འདོན་པ་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་སྤུས་འདེགས་རིམ་སྤོར་ལ་སྐུལ་འདེད་བཏང་།    ཧིན་རྡུ་ཉི་ཞི་ཡའི་སྲིད་གཞུང་གསར་པས་ཀྲུང་གོས་བླངས་པའི་འཕེལ་རྒྱས་གྲུབ་འབྲས་ལ་ཡི་རང་བྱེད་བཞིན་ཡོད་ལ།  ཀྲུང་གོའི་ཉམས་མྱོང་དཔྱད་གཞིར་བཟུང་ནས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་ཞིང་ལས།   དབུལ་སྐྱོར།  དམངས་ཚིས།  ལྷད་མེད་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་སྤེལ་བ།   སྔར་ལས་དམ་ཟབ་ཀྱི་ཕྱོགས་གཉིས་ཀྱི་འབྲེལ་བ་བཙུགས་ནས་ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཐད་བྱས་རྗེས་འཇོག་འདོད་ཡོད་ཅེས་བསྟན།

ཝུའུ་ཀྲིན་ལུང་མཇལ་འཕྲད་ལ་ཞུགས།

ལྷ་མོ་ཚེ་རིང་གིས་བསྒྱུར།