མགོན་པོ་བཀྲ་ཤིས་ཀྱིས་ཧུའུ་ཀྲུའུ་རྫོང་དུ་རྟོག་ཞིབ་བྱས།
2024.04.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས2ཉིན།  ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུང་ཧོར་རིགས་རང་སྐྱོང་རྫོང་དུ་སོང་ནས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱས་པ་དང་གྲོང་གསེབ་དར་སྤེལ་བྱ་བར་རྟོག་ཞིབ་མཛུབ་སྟོན་བྱས་ལ།    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཚོགས་ཆེན་གཉིས་སྐབས་སུ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཞིང་གསུམ་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན།  མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་བཅས་ལག་བསྟར་དོན་འཁྱོལ་ཟབ་མོ་བྱེད་པ་དང་།   ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་ལྟར་གྲོང་གསེབ་དར་སྤེལ་ཐད་གྲུབ་འབྲས་གསར་པ་ཐོབ་པར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

མགོན་པོ་བཀྲ་ཤིས་ཐོག་མར་ཧུའུ་ཀྲུའུ་རྫོང་ཏང་སྲིད་ལས་ཁུངས་སུ་སོང་ནས་ལས་ཁུངས་ཀྱི་ལས་བྱེད་པར་འཚམས་འདྲི་བྱས་པར་མ་ཟད།   བཞུགས་མོལ་ཚོགས་འདུ་བསྡུས་ཏེ་གཞི་རིམ་ལས་བྱེད་པ་དང་ཞིང་ཆེན་དང་གྲོང་ཁྱེར།  རྫོང་བཅས་ཀྱི་སྲིད་གྲོས་ཨུ་ཡོན་ཁ་ཤས་ལ་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱས་པ་དང་།  གྲོས་ཚོགས་ཀྱི་རྩ་བའི་གནས་ཚུལ་དང་གྲོས་ཚོགས་ཀྱི་དགོངས་དོན་གཙོ་བོ།   མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་འགན་སྒྲུབ་གནས་ཚུལ་སོགས་ཕྱོགས་གསུམ་ཐད་ནས་རང་གི་ཉམས་མྱོང་དང་ཞིབ་ཅིང་བདེན་པའི་གཞི་གྲངས།   གསོན་ཉམས་ལྡན་པའི་དཔེ་གཞི།   བསམ་གཞིགས་ཞིབ་མོ་བཅས་ལ་བརྟེན་ནས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་གྱི་སྲོག་ཤིང་དོན་སྙིང་དང་ལག་ལེན་གྱི་བླང་བྱར་གསལ་བཤད་གནད་འཁེལ་བྱས་པ་དང་།   མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་འགན་སྒྲུབ་གཏམ་རྒྱུད་དང་འགན་སྒྲུབ་གྲུབ་འབྲས་འགྲེལ་བརྗོད་ཞིབ་མོ་བྱས། མགོན་པོ་བཀྲ་ཤིས་ཀྱིས་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ་དང་།   གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་རྒྱུས་ལོན་སྔར་ལས་ཟབ་མོ་བྱེད་པ།   འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་ཡིད་རྟོན་བཞི་ཇེ་བརྟན་དུ་གཏོང་བ།  སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་པ་བཅས་བྱས་ནས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དེ་མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་ལེན་གསོན་པོར་བསྒྱུར་དགོས་ཞེས་ནན་གྱིས་བསྟན།

ཧུའུ་ཀྲུའུ་རྫོང་གི་འབྲེལ་ཡོད་བྱ་བའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ནན་ཏན་སྒོས་ཉན་རྗེས་མགོན་པོ་བཀྲ་ཤིས་ཀྱིས་ཧུའུ་ཀྲུའུ་རྫོང་གིས་ཞིང་ཆེན་ཏང་ཨུ་དང་གྲོང་ཁྱེར་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ཟབ་མོ་བྱས་ཏེ།  རང་ས་ཁུལ་གྱི་ཐོན་ཁུངས་དགེ་མཚན་ལ་རྐང་བཙུགས་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་སོ་སོར་སྐུལ་འདེད་བཏང་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པར་མ་ཟད།    བྱ་བ་གཙོ་བོ་བཟང་བོར་སྒྲུབ་པའི་ཐད་མཛུབ་སྟོན་བསམ་འཆར་བཏོན།    མགོན་པོ་བཀྲ་ཤིས་ཀྱིས་ཧུའུ་ཀྲུའུ་རྫོང་ནི་རྒྱལ་ཡོངས་ཀྱི་ཧོར་རིགས་རང་སྐྱོང་རྫོང་གཅིག་པུ་ཡིན་ཞིང་།   མི་རིགས་ང་དྲུག་ཁྲོད་ཀྱི་ཧོར་རིགས་འདུས་སྡོད་ཁུལ་གཅིག་པུའང་ཡིན།   རང་སྟེང་གི་ཐུན་མོང་མ་ཡིན་པའི་དགེ་མཚན་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་པའི་ཁ་ཕྱོགས་བརྒྱུད་དེ་འབད་འཐབ་ཆེན་པོས་མདུན་དུ་བསྐྱོད་དགོས་པ་དང་།    རི་ལྗང་ཆུ་དྭངས་ལ་སྲུང་སྐྱོབ་བཟང་བོ་བྱས་ནས་གསེར་རི་དངུལ་རི་བཟང་བོར་བསྐྲུན་དགོས་ལ།    ཡུལ་བབ་དང་བསྟུན་ནས་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་ཐབས་ལམ་རྒྱ་བསྐྱེད་དེ་རྒྱུན་ཆད་མེད་པར་འཕེལ་རྒྱས་ཀྱི་དགེ་མཚན་གསར་པ་བསྐྲུན་དགོས།   སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་མཐོ་སྒང་གི་ཁམས་གསོ།   ཁྱད་ལྡན་ཡུལ་སྐོར།   གྲོང་གསེབ་དར་སྤེལ།  སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་ལ་དམིགས་ནས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་བློ་འདོན་ཇུས་འབུལ་བཟང་བོ།   ཐུན་མོང་གི་འདུ་ཤེས་རྒྱ་ཆེར་གཅིག་སྡུད་བཅས་བྱས་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ཐད་སྲིད་གྲོས་ཀྱི་སྟོབས་ཤུགས་འབུལ་དགོས་ཞེས་ནན་གྱིས་བསྟན།

མགོན་པོ་བཀྲ་ཤིས་ད་རུང་ཧུའུ་ཀྲུའུ་རྫོང་ཏུང་ཀོའུ་ཡུལ་ཚོ་བཙན་ཚ་སྡེ་བ་དང་ཐང་ལ་སྡེ་བར་ཟབ་ཞུགས་བྱས་ཏེ།   འབྲེལ་ཡོད་ཐོན་ལས་འཕེལ་རྒྱས་གནས་ཚུལ་ལ་ཡུལ་དངོས་ནས་རྒྱུས་ལོན་བྱས་ཤིང་།    གྲོང་གསེབ་དར་སྤེལ་དཔེ་སྟོན་སྡེ་བ་འཛུགས་སྐྲུན་ལས་གཞི་དང་མཐོ་སྒང་གི་མཛེས་པའི་མཁར་གྲོང་འཛུགས་སྐྲུན་ལས་གཞིའི་གནས་ཚུལ་མཚམས་སྦྱོར་ལ་ཉན་པར་མ་ཟད།    དངུལ་ཐར་ཁྱིམ་ཚང་དུ་འཚམས་འདྲིར་སོང་ནས་གཞི་རིམ་མང་ཚོགས་དག་དང་མཉམ་དུ་མཐོ་སྒང་གི་བདེ་སྡོད་ལས་བརྩོན་དང་མཛེས་པའི་གྲོང་གསེབ་འཛུགས་སྐྲུན་ཐད་ཀྱི་བསམ་གཞིགས་གསར་པ་དང་བྱེད་ཐབས་གསར་པར་མཉམ་དུ་ཞིབ་འཇུག་དང་འཆར་འགོད་བྱས།

ལྷ་མོ་ཚེ་རིང་གིས་བསྒྱུར།