2024ལོའི་ཞིང་ཆེན་ཡོངས་ཀྱི་མེ་འགོག་མེ་གསོད་བྱ་བའི་གྲོས་ཚོགས་བསྡུས།
2024.04.04 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 18

ཟླ4པའི་ཚེས3ཉིན། ཞིང་ཆེན་ཡོངས་ཀྱི་མེ་འགོག་མེ་གསོད་བྱ་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས། གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མེ་འགོག་མེ་གསོད་བྱ་བའི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། 2023ལོའི་མེ་འགོག་མེ་གསོད་བྱ་བར་ཕྱོགས་བསྡོམས་བྱས་ཤིང་། རང་ཞིང་གི་མེ་འགོག་མེ་གསོད་བདེ་འཇགས་རྩ་བཅོས་འགག་སྒྲོལ་གྱི་ལོ་གསུམ་གྱི་འགུལ་སྐྱོད་དང་ད་ལོའི་བྱ་བ་གཙོ་བོ་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། རྒྱུན་ལས་ཧྲིན་ཀྲང་གཞོན་པ། ཞིང་ཆེན་མེ་འགོག་མེ་གསོད་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ལིན་ཧུའུ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

གྲོས་ཚོགས་སྟེང་བསྟན་དོན།  འདས་པའི་ལོ་ངོ་གཅིག་གི་རིང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་བརྟན་པོའི་འོག ཞིང་ཆེན་ཡོངས་ཀྱི་མེ་འགོག་མེ་གསོད་བྱ་བར་ཡར་རྒྱས་ཆེན་པོ་བྱུང་། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས་ཏེ་གོ་བ་གཏིང་ཟབ་བླངས་པ་དང་། མེ་འགོག་མེ་གསོད་རྩ་བཅོས་འགག་སྒྲོལ་གྱི་ལོ་གསུམ་གྱི་འགུལ་སྐྱོད་སྣེ་ཁྲིད་དུ་བྱས་ནས།  མེ་འགོག་མེ་གསོད་བདེ་འཇགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་ཞིང་། ཆུ་ཚད་མཐོ་བའི་བདེ་འཇགས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་སྲུང་བྱས་ཡོད།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། མེ་འགོག་མེ་གསོད་འགན་འཁྲི་དངོས་འབེབས་དང་དམ་འཛིན་བྱེད་པ་དང་།  ཁྲིམས་ལྟར་འགན་འཁྲི་བདའ་འདེད་དང་འགན་འཁྲི་རྩད་གཅོད་བྱས་ཏེ། ཕྱོགས་སོ་སོའི་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱེད་དགོས། མ་ལག་ལྡན་པར་མེ་འགོག་མེ་གསོད་ཀྱི་ཉེན་ཁ་ཚབས་ཆེན་ལ་དོགས་ཟོན་བྱེད་པ་དང་། ཉེན་ཁའི་མི་མངོན་པའི་ཆ་གྲལ་བཤེར་དག་ཐེར་གྱི་སྤུས་ནུས་ཇེ་མཐོར་བཏང་སྟེ། མེ་འགོག་མེ་གསོད་བདེ་འཇགས་བཅོས་སྐྱོང་དེ་དོན་རྐྱེན་སྔོན་དུ་སྔོན་འགོག་བྱེད་པར་བསྒྱུར་དགོས། སྣ་མང་ཅན་གྱི་འཕྲལ་བསྟུན་མྱུར་སྐྱོབ་སྟོབས་ཤུགས་ཀྱི་མ་ལག་བསྐྲུན་ནས། མ་ལག་་ལྡན་པར་ཕྱོགས་བསྡུས་མྱུར་སྐྱོབ་ནུས་པ་མཐོར་འདེགས་གཏོང་དགོས། གཞི་རིམ་གྱི་རྨང་གཞི་གཅིག་སྡུད་བྱེད་པ་དང་། མེ་འགོག་མེ་གསོད་ཀྱི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་བཏང་ཞིང་། རིག་ནུས་མེ་འགོག་མེ་གསོད་ལ་རྒྱུན་མཐུད་སྒོས་སྐུལ་འདེད་བཏང་ནས། མཇུག་སྣེའི་མེ་འགོག་མེ་གསོད་དོ་དམ་ནན་མོར་བསྒྲུབ་དགོས། དྲིལ་སྒྲོག་སློབ་གསོ་ཟབ་མོར་སྤེལ་བ་དང་། མེ་སྐྱོན་དཔེ་གཞིའི་ཉེན་བརྡའི་སློབ་གསོ་ལེགས་པོར་སྒྲུབ་ནས། མེ་འགོག་མེ་གསོད་བདེ་འཇགས་ཀྱི་མི་དམངས་ཀྱི་འགོག་ར་ཇེ་བརྟན་དུ་གཏོང་དགོས།

གྲོས་ཚོགས་སྟེང་། ཞིང་ཆེན་སྲིད་གཞུང་གིས་གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་དང་། ཞིང་ཆེན་མེ་འགོག་མེ་གསོད་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་ལས་ཁུངས་བར་དུ་དམིགས་འབེན་འགན་འཁྲིའི་ཡི་གེ་བཀོད་པ་དང་། ཞིང་ཆེན་མེ་འགོག་མེ་གསོད་མྱུར་སྐྱོབ་སྤྱི་ཁྱབ་རུ་ཁག་གི་འགན་འཁུར་བློ་མཐུན་གྱིས2023ལོའི་ཞིང་ཆེན་ཡོངས་ཀྱི་མེ་འགོག་མེ་གསོད་བྱ་བ་ཡར་ཞུ་བྱས་ཤིང་། ཟི་ལིང་གྲོང་ཁྱེར་སྲིད་གཞུང་དང་། ཞིང་ཆེན་སྡོད་ཁང་དང་གྲོང་གསེབ་འཛུགས་སྐྲུན་ཐིན། ཞིང་ཆེན་འཕྲོད་བསྟེན་བདེ་འཇགས་ཨུ་ཡོན་ལྷན་ཁང་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་གཏམ་བཤད།

ལྷ་མོ་འཚོས་བསྒྱུར།