ཧན་ཀྲིན་གྱིས་ཧོ་ལན་གོང་མ་ཚང་གི་ཧྥེ་ལི་ཕུའུ་ཀུང་ཟིའི་དབུ་བཞུགས་ལག་བསྟར་དཔོན་ཅཱ་པའོ་རུའེ་ལ་མཇལ་འཕྲད་གནང་།
2024.04.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་ཚེས3ཉིན་པེ་ཅིང་དུ་ཧོ་ལན་གོང་མ་ཚང་གི་ཧྥེ་ལི་ཕུའུ་ཀུང་ཟིའི་དབུ་བཞུགས་ལག་བསྟར་དཔོན་ཅཱ་པའོ་རུའེ་ལ་མཇལ་འཕྲད་གནང་།

ཧན་ཀྲིན་གྱིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ལམ་བཅོས་སྒྱུར་སྒོ་འབྱེད་ནི་དེང་རབས་ཀྲུང་གོ་གོམ་སྟབས་ཆེན་པོས་དུས་རབས་ཀྱི་རྗེས་སུ་སྙེག་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན།  ཀྲུང་གོའི་བཅོས་སྒྱུར་མཚམས་འཇོག་མི་སྲིད་ལ། སྒོ་འབྱེད་ཀྱང་མཚམས་འཇོག་མི་སྲིད།  ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ན།  དུས་རབས་གསར་པར་རྒྱུན་ཆད་མེད་པར་ལེའུ་གསར་པ་རྩོམ་པ་དང་གྲུབ་འབྲས་གསར་པ་ཐོབ་པར་ང་ཚོ་ཡིད་ཆེས་བརྟན་པོ་ཡོད་ཅེས་ཡང་སྐྱར་ནན་གྱིས་གསུངས་ཡོད།     ད་ལོར་ཀྲུང་གོའི་དཔལ་འབྱོར་བཟང་ཕྱོགས་སུ་འཕེལ་བཞིན་ཡོད་པ་དང་།    སྔར་བཞིན་འཛམ་གླིང་དཔལ་འབྱོར་འཕར་སྣོན་གྱི་སྒུལ་ཤུགས་ཆེན་པོ་ཡིན་ལ། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་བཏང་བ་དེས་འཛམ་གླིང་ལ་སྔར་ལས་གཏན་འཁེལ་རང་བཞིན་དང་བརྟན་འཇགས་རང་བཞིན་མང་པོ་སྣོན་ཐུབ་པ་དང་།   ཧྥེ་ལི་ཕུའུ་ཀུང་ཟི་དང་བཅས་པའི་རྒྱལ་ཁབ་སོ་སོའི་ཁེ་ལས་ལ་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་འདོན་སྤྲོད་བྱེད་ཐུབ།

ཅཱ་པའོ་རུའེ་ཡིས་ཀྲུང་གོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་བསྟོད་བསྔགས་ཆེན་པོ་བྱས་པ་དང་།    ཧྥེ་ལི་ཕུའུ་ཀུང་ཟིས་ཀྲུང་གོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྦས་ཤུགས་དང་གོ་སྐབས་གལ་ཆེན་ལ་ལྟ་སྟངས་ཡང་དག་བཟུང་ཡོད་ལ།  མུ་མཐུད་དུ་ཀྲུང་གོའི་ཁྲོམ་རར་ཟབ་ཞུགས་བྱས་ཏེ་ཧོ་ལན་དང་ཀྲུང་གོའི་སྨན་བཅོས་འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ལ་ཡར་སྐུལ་བྱེད་ངེས་ཡིན་ཞེས་བསྟན།

ལྷ་མོ་ཚེ་རིང་གིས་བསྒྱུར།