ཞི་ཅིན་ཕིང་རྒྱལ་སའི་འོས་འགན་སྡོང་འཛུགས་བྱེད་སྒོར་ཞུགས།
2024.04.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས3ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་སའི་འོས་འགན་སྡོང་འཛུགས་བྱེད་སྒོར་ཞུགས་སྐབས། དུར་མཆོད་དུས་ཆེན་གྱི་སྔ་རྗེས་སུ། ཀྲུང་གོའི་ས་གཞི་ཆེན་མོའི་གང་སར་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད་ཅིང་། དུས་ཚིགས་འདི་ནི་ཤིང་སྡོང་འཛུགས་པའི་དུས་སྐབས་བཟང་ཤོས་དེ་ཡིན། དེ་རིང་ང་ཚོས་མཉམ་དུ་ཤིང་སྡོང་འཛུགས་པ་ནི་ཚང་མ་དངོས་སུ་སྡོང་འཛུགས་ནགས་སྐྲུན་ཁྲོད་འབད་པས་ཞུགས་རྒྱུ་དང་། མི་ཚང་མས་ལྗང་མདོག་གི་ཕོ་ཉ་དང་སྐྱེ་ཁམས་ཀྱི་གདོང་ལེན་པ་རུ་འགྱུར་བར་བརྩོན་ལེན་བྱས་ཏེ། མཛེས་པའི་ཀྲུང་གོ་འཛུགས་སྐྲུན་གྱི་ཆེད་དུ་ལྗང་མདོག་བསྣན་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལེའུ་གསར་པ་ཞིག་མཉམ་དུ་རྩོམ་ཆེད་ཡིན་ཞེས་ནན་གྱིས་གསུངས།

སྔ་དྲོའི་ཆུ་ཚོད10དང་སྐར་མ40སྟེང་དུ། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཞི་ཅིན་ཕིང་དང་ལིས་ཆང་། ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞང་། ལིས་ཞི། ཧན་ཀྲིན་སོགས་མཉམ་དུ་རླངས་འཁོར་དུ་བཞུགས་ཏེ་པེ་ཅིང་གྲོང་ཁྱེར་ཐུང་ཀྲོའུ་ཆུས་ལུའུ་ཁྲིན་གྲོང་བརྡལ་དུ་ཕེབས་ནས། རྒྱལ་སའི་མང་ཚོགས་དང་ལྷན་དུ་འོས་འགན་སྡོང་འཛུགས་བྱེད་སྒོར་ཞུགས།

སྡོང་འཛུགས་བྱེད་སྒོ་སྤེལ་ས་དེ་པེ་ཅིང་གྲོང་ཁྱེར་ཐུང་ཀྲོའུ་ཆུས་དང་ཧི་པེ་ཞིང་ཆེན་ལང་ཧྥང་གྲོང་ཁྱེར་པེ་སན་རྫོང་གི་འབྲེལ་མཚམས་སུ་གནས་པ་དང་། ཁྲའོ་པའེ་གཙང་བོའི་འགྲམ་ངོགས་སུ་གནས་པའི། པེ་ཅིང་དང་ཧི་པེ་ཡི་ས་མཚམས་བརྒལ་ནས་བསྐྲུན་པའི་ནགས་ཚལ་སྤྱི་གླིང་ཐོག་མ་དེར་ཆུའི་སྐྱེ་ཁམས་ཀྱི་ཆ་རྐྱེན་བཟང་པོ་ལྡན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཕེབས་པ་མཐོང་སྐབས། སྡོང་པོ་འཛུགས་བཞིན་པའི་ལས་བྱེད་པ་དང་མང་ཚོགས་ཚོས་སྤྲོ་སེམས་འཁོལ་བའི་ངང་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཞུས། ཞི་ཅིན་ཕིང་གིས་ཚང་མར་ཕྱག་གཡུག་གཡུག་གནང་ནས་གུས་འདུད་ཞུས་རྗེས། ལྕགས་ཁེམ་ཕྲག་ཏུ་ཁུར་ནས་ཤིང་སྡོང་འཛུགས་སར་བསྐྱོད་དེ། པེ་ཅིང་གྲོང་ཁྱེར་དང་རྒྱལ་ཁབ་ནགས་ལས་དང་རྩྭ་ས་ཅུའུ་ཡི་འགན་འཁུར་བློ་མཐུན་དང་། དེ་བཞིན་རྒྱལ་སའི་ལས་བྱེད་མང་ཚོགས་དང་། ལོ་ཆུང་གདོང་ལེན་རུ་མི་བཅས་དང་མཉམ་དུ་སྡོང་འཛུགས་ཀྱི་ལས་ལ་བྲེལ་འགོ་བརྩམས།

ཟླ4པའི་ཚེས3ཉིན་གྱི་སྔ་དྲོར། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཞི་ཅིན་ཕིང་དང་ལིས་ཆང་། ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞང་། ལིས་ཞི། ཧན་ཀྲིན་སོགས་མཉམ་དུ་རླངས་འཁོར་དུ་བསྡད་དེ་པེ་ཅིང་གྲོང་ཁྱེར་ཐུང་ཀྲོའུ་ཆུས་ལུའུ་ཁྲིན་གྲོང་བརྡལ་དུ་ཕེབས་ནས། རྒྱལ་སའི་མང་ཚོགས་དང་ལྷན་དུ་འོས་འགན་སྡོང་འཛུགས་བྱེད་སྒོར་ཞུགས། འདི་ནི་ཞི་ཅིན་ཕིང་གིས་ཚང་མ་དང་ལྷན་དུ་སྡོང་བོ་འཛུགས་བཞིན་པའི་རྣམ་པ་རེད།

ཞི་ཅིན་ཕིང་གིས་སྡོང་བོ་འཛུགས་ཞོར་དུ་བྱིས་པ་ཚོའི་སློབ་སྦྱོང་དང་འཚོ་བ། ངལ་རྩོལ་སྦྱོང་བརྡར་བཅས་ཀྱི་གནས་ཚུལ་ཐད་ནས་བཀའ་འདྲི་གནང་།  ཁོང་གིས་རྒྱ་ཆེའི་གཞོན་ནུ་ལོ་ཆུང་ནི་མེས་རྒྱལ་གྱི་མ་འོངས་པ་ཡིན་པས། ཆུང་དུས་ནས་ངལ་རྩོལ་ཁྲོད་འབད་པས་ཞུགས་ནས་སྡོང་འཛུགས་ནགས་སྐྲུན་བྱས་ཏེ། ལྗང་མདོག་གི་ས་བོན་སེམས་ཁོང་དུ་སྦྲུམ་ནས། རང་བྱུང་ཁམས་ལ་བརྩི་འཇོག་དང་རང་བྱུང་ཁམས་ལ་དགའ་ཞེན་བྱེད་པའི་འདུ་ཤེས་གསོ་སྐྱོང་བྱས་ནས། སློབ་སྦྱོང་ལ་འབད་བརྩོན་དང་ལུས་ཕུང་སྦྱོང་བརྡར། བདེ་ཐང་སྒོས་འཚར་ལོངས་ཡོང་བ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་རྐང་འཛིན་མི་སྣ་རུ་འགྱུར་བར་བྱེད་དགོས་ཞེས་གསུངས། སྡོང་བོ་འཛུགས་སར་ཚ་ཚ་འུར་འུར་ངང་ལས་ལ་བྲེལ་བའི་རྣམ་པ་ཞིག་མངོན་ཞིང་། འགོ་ཁྲིད་བློ་མཐུན་ཚོས་ཚང་མ་དང་མཉམ་དུ་ས་སྣོན་ཆུ་གཏོར་གནང་བའི་དབང་གིས་སྡོང་འཛུགས་བྱེད་སྒོའི་རྣམ་པ་ཧ་ཅང་འཁྲུག་ཆ་ཅན་དུ་གྱུར།

སྡོང་བོ་འཛུགས་སྐབས། ཞི་ཅིན་ཕིང་གིས་དེ་གར་ཡོད་པའི་ལས་བྱེད་མང་ཚོགས་ཚོར་བྱམས་བརྩེའི་ངང་གླེང་མོལ་གནང་། ཁོང་གིས་ང་ཀྲུང་དབྱང་དུ་བྱ་བ་སྒྲུབ་པར་སླེབས་རྗེས། བསྟུད་མར་ལོ་བཅུ་བདུན་གྱི་རིང་ལ་ང་རྒྱལ་སའི་འོས་འགན་སྡོང་འཛུགས་བྱེད་སྒོར་ཞུགས་ཡོད་ཅེས་གསུངས། ཁོང་གིས་ད་ལོ་ནི་ཀྲུང་གོ་གསར་པའི་སྡོང་འཛུགས་ནགས་སྐྲུན་དུས་ཆེན་བཙུགས་ནས་ལོ45འཁོར་བའི་ལོ་ཡིན། རྒྱལ་ཡོངས་མི་དམངས་ཀྱིས་སྡོང་འཛུགས་ནགས་སྐྲུན་རྒྱུན་འཁྱོངས་བྱས་པ་དང་། ཐང་རྒོད་དུ་འཚེམ་དྲུབ་ཀྱི་མཛེས་པར་འགྲན་ནུས་པ་ལྟ་བུའི་ཡུལ་ལྗོངས་བསྐྲུན་ཡོད་ལ། སྐྱ་ཆད་སྔོ་སྡུག་གི་བྱེ་ཐང་དུ་ལྗང་མདོག་གི་ཡུལ་ཁམས་བསྐྲུན་ཏེ། འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་བླངས་ཡོད། དེ་དང་མཉམ་དུ་ད་དུང་རང་རྒྱལ་དུ་ནགས་ཚལ་དཀོན་པ་དང་སྔོ་ལྗང་གི་ཁེབས་ཚད་ཉུང་བའི་གནད་དོན་སྔར་བཞིན་མངོན་གསལ་ཡིན་ལ། ནགས་ཚལ“བང་མཛོད”ཀྱི་ནུས་པ་འདོན་སྤེལ་བྱས་པ་ད་དུང་འདང་ངེས་མ་རེད། ལྗང་མདོག་གི་ཁེབས་རྒྱ་ཇེ་ཆེར་གཏོང་བ་ནི་དོན་གྱིས་ཁྱད་སྟོབས་ཆེ་རུ་བསྐྱེད་པ་དང་གཅིག་མཚུངས་ཡིན་ལ། སྡོང་འཛུགས་ནི་དོན་གྱིས་མ་འོངས་པའི་ཡུལ་ཁམས་བསྐྲུན་པ་དང་འདྲ། མི་རབས་ནས་མི་རབས་བར་སྡོང་འཛུགས་ནགས་སྐྲུན་བྱས་ཏེ། ང་ཚོའི“ལྗང་མདོག་ཁྱིམ་གཞིས”རྒྱུན་ཆད་མེད་པར་ཇེ་ཡག་ཏུ་གཏོང་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་མེས་རྒྱལ་ལྗང་འགྱུར་ཐད་ལྗང་མདོག་གི་ཁེབས་རྒྱ་ཇེ་ཆེར་གཏོང་བ་དང་ལྗང་མདོག་གི་ཚད་སྔར་ལས་རྒྱས་པར་བྱེད་པ། སྔོ་ལྗང་གི་རི་ཆུར་སྲུང་སྐྱོབ་བྱ་རྒྱུ་བཅས་མཉམ་སྤེལ་མཉམ་འཛིན་བྱེད་དགོས། ལྗང་མདོག་གི་ཁེབས་རྒྱ་ཆེ་རུ་གཏོང་རྒྱུ་ནི་ཚན་རིག་དང་མཐུན་པའི་སྒོ་ནས་གཞི་ཁྱོན་ཆེ་བའི་རྒྱལ་ཁབ་ཀྱི་མངའ་ཁོངས་ལྗང་སྒྱུར་ལ་སྐུལ་འདེད་གཏོང་རྒྱུ་དང་། ས་ཆ་འཚམ་སར་ལྗོན་ཤིང་འཚམ་ཤོས་འཛུགས་པ། ཡུལ་བབ་དང་སྒོ་ཀུན་ནས་བསྟུན་པ། སྡོང་བོ་རེ་བཙུགས་ན་སྡོང་བོ་དེ་ཅིས་ཀྱང་གསོན་དུ་འཇུག་པ། ས་ཁོངས་གཅིག་ལྗང་སྒྱུར་བྱས་ནས་ས་ཁོངས་དེ་ལྗང་མདོག་གིས་ཁེབས་པར་བྱེད་པ་བཅས་ལ་འབད་དགོས།  ལྗང་མདོག་དར་སྤེལ་ཞེས་པ་ནི་སྤུས་ཚད་དང་ཕན་འབྲས་གཉིས་ཆར་དོ་སྣང་བྱས་ཏེ། རི་སྔོ་ཆུ་དྭངས་གསེང་དངུལ་རི་ལས་ལྷག་པའི་ཐབས་ལམ་རྒྱ་སྐྱེད་གཏོང་བ་དང་། ནགས་ཚལ་གྱི“ཆུ་མཛོད་དང་དངུལ་མཛོད། འབྲུ་མཛོད། ཐཱན་མཛོད”བཅས་མཉམ་འགུལ་སྔར་ལས་གང་ལེགས་ཡོང་བར་བྱས་ཏེ། སྐྱེ་ཁམས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་ཕན་ཚུན་གཅིག་གྱུར་ཡོང་བར་བྱེད་དགོས། ལྗང་མདོག་སྲུང་སྐྱོབ་ཞེས་པ་ནི་ནགས་ཚལ་དང་རྩྭའི་ཐོན་ཁུངས་སྲུང་སྐྱོབ་ལ་ཤུགས་སྣོན་པ་དང་། མེ་འགོག་མེ་གསོད་ལས་དོན་ཡག་པོར་སྒྲུབ་པ། འགལ་རྐྱེན་ཚབས་ཆེན་ལ་གྲལ་བཤེར་དང་བཅོས་སྒྲིག་ཟབ་མོ་བྱེད་པ་བཅས་བྱས་ནས། ལས་སླ་མོའི་སྒོ་ནས་ཐོབ་པ་མ་ཡིན་པའི་ལྗང་སྒྱུར་གྲུབ་འབྲས་ལ་སྲུང་སྐྱོབ་ཡག་པོ་བྱེད་དགོས། བྱང་གསུམ་ས་ཁུལ་ནི་རྒྱལ་ཁབ་ཀྱི་ས་ཆ་ལྗང་སྒྱུར་གྱི་གཡུལ་ས་གཙོ་བོ་ཡིན་པས། སྟོབས་ཤུགས་སྔར་ལས་གང་མང“བྱང་གསུམ”བཟོ་སྐྲུན་འཛུགས་སྐྲུན་ཁྲོད་གཅིག་སྡུད་བྱས་ནས། ཞིན་ཅང་བྱང་རྒྱུད་ཀྱི་ལྗང་མདོག་གི་ལྕགས་རི་རིང་པོ་བསྐྲུན་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་མེས་རྒྱལ་ལྗང་སྒྱུར་ཐད་མི་ཚང་མར་འགན་འཁྲི་ཡོད། མང་ཚོགས་ཟབ་ཞུགས་ཀྱི་ཐབས་ལམ་ཤར་གཏོང་དང་རང་འགན་གཙང་སྒྲུབ་ཀྱི་རྣམ་པ་གསར་གཏོད་བྱས་ནས། ནགས་དཔོན་གྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ། ཕྱོགས་སོ་སོའི་སྟོབས་ཤུགས་སྐུལ་སློང་བྱས་ནས། དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་ཟམ་མི་ཆད་པར་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས།

པེ་ཅིང་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་སོགས་སྡོང་འཛུགས་བྱེད་སྒོའི་ཁྲོད་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།