གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་སྐབས་བཅོ་ལྔ་པའི་ཨུ་ཡོན་ཚང་འཛོམས་རྒྱས་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས།
2024.04.04 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ4པའི་ཚེས3ཉིན། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་སྐབས་བཅོ་ལྔ་པའི་ཨུ་ཡོན་ཚང་འཛོམས་རྒྱས་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ཟི་ལིང་དུ་བསྡུས། གྲོས་ཚོགས་སྟེང་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་གུང་གཞོན་ཚོགས་པ་སྐབས་བཅུ་དགུ་པའི་ཀྲུང་དབྱང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱས་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཤིང་། 2023ལོའི་བྱ་བར་ཕྱོགས་བསྡོམས་དང2024ལོའི་ལས་འགན་གཙོ་བོ་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ལིའུ་ཆི་ཧྥན་གྱིས་འདས་པའི་ལོ་ངོ་གཅིག་གི་རིང་གི་ཞིང་ཆེན་ཡོངས་ཀྱི་གུང་གཞོན་ཚོགས་པའི་བྱ་བའི་ཐད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་གུང་གཞོན་ཚོགས་པའི་རྩ་འཛུགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ན་གཞོན་བྱ་བའི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་དོན་འཁྱོལ་བྱས་ཏེ། མི་རིགས་སོ་སོའི་ན་གཞོན་རྣམས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་འབད་འཐབ་ལྷོད་མེད་དང་། གསར་གཏོད་སྲོལ་འབྱེད། དངོས་གཉེར་གཙོར་འཛིན། ཞུམ་མེད་མདུན་སྐྱོད་བཅས་བྱས་ཏེ། འབད་འཐབ་ཀྱི་ངར་ཤུགས་དང་ལང་ཚོའི་དཔའ་སྟོབས་ཀྱིས་དེང་རབས་ཅན་གྱི་མཚོ་སྔོན་གསར་བའི་འཛུགས་སྐྲུན་ཁྲོད་གདོང་ལེན་པའི་ནུས་པ་འདོན་སྤེལ་བྱེད་པ་དང་ལང་ཚོའི་སྟོབས་ཤུགས་འབུལ་དགོས། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ཐད་ཕན་འབྲས་གསར་བ་མངོན་དགོས་ཏེ། ཏང་གི་ཆེད་དུ་མི་སྣ་གསོ་སྐྱོང་བྱེད་པའི་ལས་འགན་དང་འགན་འཁྲི་གཙོ་བོ་སྲུང་འཛིན་བྱེད་པ་དང་། གཞུང་ལུགས་སློབ་སྦྱོང་གི་བསམ་ཕྱོགས་གསར་འབྱེད་དང་། ཕུགས་བསམ་དང་ཡིད་ཆེས་ཀྱི་སློབ་གསོའི་ཐབས་ལམ་རྒྱ་བསྐྱེད་པ། རིན་ཐང་ལྟ་བས་སྣེ་ཁྲིད་བྱེད་པའི་བྱ་བ་ལེགས་པོར་སྒྲུབ་སྟེ། རྒྱ་ཆེའི་གཞོན་ནུ་རྣམས་ཀྱིས་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲངས་པར་སློབ་གསོ་དང་མཛུབ་སྟོན་བྱེད་དགོས། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བར་རོགས་འདེགས་བྱེད་པའི་ཐད་ཁག་ཁུར་གསར་བ་མངོན་དགོས་ཏེ། ན་གཞོན་གྱི་སྟོབས་ཤུགས་གཙོ་བོ་དང་འཕྲལ་སྒྲུབ་རུ་ཁག་གི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན། གཞི་གྲངས་ཐོན་ལས་འཕེལ་རྒྱས་སོགས་ཀྱི་ལས་འགན་གཙོ་བོར་དམིགས་ནས་དཀའ་སེལ་འགག་སྒྲོལ་བྱེད་པ་དང་། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་སྔར་ལས་ནུས་ཤུགས་བཏོན་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཁུག་ཁུར་བྱེད་དགོས།  རང་ཉིད་འཛུགས་སྐྲུན་ལ་ཤུགས་སྣོན་པའི་ཐད་སྐས་རིམ་གསར་བར་སླེབས་པར་བྱེད་དགོས་ཏེ། དུས་རབས་གསར་བའི་ཁྱད་ཆོས་དམ་འཛིན་དང་ན་གཞོན་གསར་བའི་ཁྱད་ཆོས་ལ་བསྟུན་པ། མཚོ་སྔོན་གསར་བའི་ཁྱད་ཆོས་འབུར་དུ་ཐོན་པར་བྱེད་པ། ན་གཞོན་ལ་འབྲེལ་འདྲིས་དང་རྩ་འཛུགས་བྱས་ནས་ཞབས་ཞུའི་སྤུས་ཚད་མཐོར་འདེགས་གཏོང་བའི་ལས་གཞི་དམ་པོར་འཛིན་པ་འཇུག་སྒོ་བྱས་ནས། རང་ངོས་འཛུགས་སྐྲུན་ལ་རྒྱུན་མཐུད་སྒོས་ཤུགས་སྣོན་དང་ལེགས་བཅོས་བྱས་ཏེ། གུང་གཞོན་ཚོགས་པའི་རྩ་འཛུགས་ཀྱི་སྣེ་ཁྲིད་ནུས་པ་དང་རྩ་འཛུགས་ནུས་པ། ཞབས་ཞུའི་ནུས་པ་བཅས་རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་དགོས་ཟེར།

གྲོས་ཚོགས་སྟེང་གུང་ཚོགས་ཚོགས་པ་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅོ་ལྔ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུར་ཉན། གྲོང་ཁྱེར་དང་ཁུལ། ཁེ་ལས། མཐོ་རིམ་སློབ་གྲྭའི་གུང་གཞོན་ཚོགས་པ་ཨུ་ཡོན་ལྷན་ཁང་ཁ་ཤས་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་ཚོགས་ཆེན་སྟེང་ལས་འགན་སྒྲུབ་ཚུལ་སྙན་ཞུར་ཕུལ། གྲོས་ཚོག་སྟེང་གུང་གཞོན་ཚོགས་པ་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅོ་ལྔ་པའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་གྱི་འགན་ལེན་པ་དང་བརྗེ་ཚབ། རིམ་གསབ་བཅས་ཀྱི་གཏན་འཁེལ་ཇུས་གཞིར་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་།

གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་སྐབས་བཅོ་ལྔ་པའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་རྣམས་གྲོས་ཚོགས་ལ་ཞུགས། ཨུ་ཡོན་མིན་པའི་གྲོང་ཁྱེར་དང་ཁུལ་གྱི་གུང་གཞོན་ཚོགས་པ་ཨུ་ཡོན་ལྷན་ཁང་དང་། རྫོང་གུང་གཞོན་ཚོགས་པ་ཨུ་ཡོན་ལྷན་ཁང་། མཐོ་རིམ་སློབ་གྲྭའི་གུང་གཞོན་ཚོགས་པ་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་གུང་གཞོན་ཚོགས་པ་ཨུ་ཡོན་ལྷན་ཁང་། ཁ་ེལས་ཀྱི་གུང་གཞོན་ཚོགས་པ་ཨུ་ཡོན་ལྷན་ཁང་བཅས་ཀྱི་འགན་ཁུར་མི་སྣ་དང་།   ཞིང་ཆེན་ན་གཞོན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་དང་གུང་གཞོན་ཚོགས་པའི་ཁོངས་སུ་གཏོགས་པའི་ན་གཞོན་ཚོགས་པ་ཁག་ཅིག་གི་འགན་ཁུར་མི་སྣ། གུང་གཞོན་ཚོགས་པ་ཞིང་ཆེན་ཨུ་ཡོན་ལྷན་ཁང་ལས་ཁུངས་ཀྱི་པུའུ་དང་གཞུང་ལས་ཁང་སོ་སོ། ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་ལས་དོན་ལས་ཁུངས་སོ་སོ་བཅས་ཀྱི་འབྲེལ་ཡོད་བློ་མཐུན་བཅས་གྲོས་ཚོགས་ལ་ཟུར་ཞུགས་བྱས།

ལྷ་མོ་འཚོས་བསྒྱུར།